དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་དཀར་ནས་ཡུལ་སྨད་ཤང་བར།

    ལྷོ་ཁ་གྲོང་ཁྱེར་གྱི“གཉིས་བཀུར་དཔེ་སྟོན་གྲོང་ཁྱེར”འཛུགས་གཏོད་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ལ་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-22

    བགྲེས་སོང་ངག་དབང་ཤེས་རབ་ལ་མཚོན་ན། དུས་རྒྱུན་དུ་མཚོ་དཀར་གྱི་འགྲམ་ངོགས་སུ་ཕྱུགས་རིགས་འཚོ་བཞིན་ཡོད་པས་དུས་ཚོད་འགྲོ་འགོར་ཙམ་ཡོད། ཡུལ་ཕྱོགས་གང་དུ་སླེབས་རུང་། མཐའ་སྲུང་དཔུང་སྡེ་དང་མཉམ་དུ་ཕན་ཚུན་སོ་སྲུང་དང་ཕྱུགས་འཚོ་མཐའ་སྲུང་བྱེད་པ་ནི་ལོ་ན་བདུན་ཅུ་ལྷག་ཙམ་ལ་སླེབས་པའི་བགྲེས་སོང་ཁོང་གི་མི་ཚེ་གང་པོར་བརྟན་སྲུང་བྱེད་པའི་ལས་འགན་ཞིག་ཏུ་གྱུར་ཡོད།

    ལྷོ་ཁར་བགྲེས་སོང་ངག་དབང་ཤེས་རབ་ཀྱི་གཏམ་རྒྱུད་ནི་དམག་དམངས་མཐུན་སྒྲིལ་དང་། དམག་བཀུར་ཁྲིམས་སྐྱོང་། སྲིད་བཀུར་དམངས་གཅེས་བཅས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། ལོ་མང་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“གཉིས་བཀུར་དཔེ་བཟང་གྲོང་ཁྱེར”འཛུགས་གཏོད་བྱ་རྒྱུ་དེ་འབྲེལ་ཐག་ཏུ་བྱས་ནས་དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་བརྗིད་ཉམས་ལྡན་པའི་ལེའུ་བརྩམས་ཡོད། ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་ཡུལ་སྨད་ནས་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་ལེགས་པོ་རོང་གི་བར་དང་། དར་རྒྱས་ཆེ་བའི་རྩེད་ཐང་གྲོང་ཁུལ་ནས་ཐག་རིང་གི་མཐའ་མཚམས་སོ་ལྟ་ཁང་བར། “དམག་གིས་དམངས་ལ་དགའ་ཞེན་དང་། དམངས་ཀྱིས་དམག་ལ་བརྩི་བཀུར། དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་བཞིན་ཡུལ་ལུང་དེ་གར་གསོན་ཉམས་དོད་པོས་ཁྱབ་བཞིན་ཡོད།

    གཉིས་བཀུར་གཞི་རྒྱུ་གྲོང་ཁྱེར་གྱི་ཁྲག་རྒྱུན་ནང་འདྲེས་པ།

    ལྷོ་ཁ་གྲོང་ཁྱེར་གཉིས་བཀུར་གཞུང་ལས་ཁང་གི་ཚོགས་ཁང་ནང་2024ལོའི་དམག་དཔུང་དང་ས་གནས་ཕན་ཚུན་གྱིས་བྱ་བ་དངོས་བསྒྲུབས་པའི“གསལ་ཐོ”ཞིག་མངོན་གསལ་ཧ་ཅང་དོད་པ་སྟེ། དཔུང་སྡེས་བཏོན་པའི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་གྱི་དགོས་མཁོ་ཁག་12དང་ས་གནས་ཀྱིས་བཀོད་པའི་དམངས་འཚོའི་རོགས་སྐྱོར་རྣམ་གྲངས་ཁག་8ཚང་མར་འགན་འཁུར་བ་དང་ལེགས་སྒྲུབ་དུས་བཀག་ཁ་གསལ་བཟོས་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ལོ་ལྟར་དམག་དོན་གྲོས་མོལ་ཚོགས་འདུ་འཚོགས་ནས་དོན་དག་གལ་ཆེན་ལ་ཞིབ་འཇུག་བྱས་པ་དང་། གཉིས་བཀུར་གྱི་གྲོན་དངུལ་དེ་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་སྒོར་དུང་ཕྱུར་80ལྷག་ཙམ་བཏང་སྟེ་དཔུང་སྡེ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

    ལྷོ་ཁའི་ཁྲོམ་གཞུང་དུ་བསྐྱོད་ཚེ། གཉིས་བཀུར་གྱི་བརྗོད་དོན་གཙོ་བོའི་སྤྱི་པའི་སྒྲིག་བཀོད་གང་སར་མཐོང་རྒྱུ་ཡོདལ། ལས་རིགས་ཁག་གིས་བཏོན་པའི་དམག་བཀུར་ཞབས་ཞུ་ཡང་སྣ་ཚོགས་ཡོད་པ་རེད།

    གཉིས་བཀུར་གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དུ“གཉིས་བཀུར་རིག་གནས་ཁྱམས་རིང”ལས་འགྲོ་འོང་བྱེད་མཁན་གྲོང་མིའི་ཡིད་དབང་བཀུག་ཅིང་། དེ་གར་བསོད་ནམས་དར་རྒྱས་དང་ཟླ་བའི་ཁྱིམ་གྱི་མི་རབས་གསུམ་སོགས་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་མཚོན་མི་སྣ་9ཡི་བྱས་རྗེས་འགྲེམས་སྟོན་བྱས་ཡོད་པ་མ་ཟད། བརྒྱུད་ལམ་སྣེ་མང་གི་སྒྲིག་ཆས་བརྒྱུད《ལྷོ་ཁའི་གཉིས་བཀུར་གྱི་བསྟོད་གླུ》སོགས་གསར་རྩོམ་གྱི་བརྩམས་ཆོས་རེས་མོས་ངང་སྟོན་གྱི་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“ཚགས་པར་དང་། དྲ་རྒྱ། དུད་སྣེ། སྐད་འཕྲིན། བརྙན་ཤེལ”བཅས་ཀུན་འདུས་སྨྱན་སྦྱོར་གྱི་དྲིལ་བསྒྲགས་བྱ་ཡུལ་བཙུགས་ཤིང་། གྲོང་ཁྱེར་གྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་སྐད་འཕྲིན་སྤྱི་རྟགས་སུ་རིམ་རྩིས་བརྒྱབ་ན་གཉིས་བཀུར་གྱི་རྩོམ་ཡིག་390ལྷག་ཙམ་སྤེལ་ཡོད། ལོ་རེའི“བརྒྱད་གཅིག”དམག་བཙུགས་དུས་ཆེན་སྐབས་དམག་དཔུང་དང་ས་གནས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་རིག་རྩལ་མཚན་ཚོགས་དེ་གྲོང་མིས་རེ་སྒུག་བྱེད་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཏུ་གྱུར་ཡོད། 2024ལོའི“བརྒྱད་གཅིག”མཚན་ཚོགས་སུ་ཡར་ཀླུང་མི་རིགས་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི《གོས་འཁྲུའི་གླུ་གཞས》དང་མཐའ་སྲུང་འཐབ་འཛིང་པ་རོལ་ཚོགས་ཀྱིས་བླངས་པའི《པདྨ་སྔོན་པོ》ཞེས་པར་བསྟན་མོ་བའི་དགའ་བསུའི་ཐལ་མོ་རྒྱུན་ཆད་མེད་པ་ཐོབ་ཡོད།

    དམག་བཀུར་ཚ་རླབས་རྒྱུན་མཐུད་འཕྱུར།

    ལྷོ་ཁ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་གཟི་བརྗིད་གྱང་ངོས་སུ“རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དཔེ་བཟང་ཚན་པ”ཞེས་པའི་གཟེངས་རྟགས་ནས་འོད་མདངས་འཚེར་བཞིན་ཡོད་པ་ལས་དམག་བཀུར་སེམས་དྲོས་ཀྱི་བྱེད་ཐབས་རབ་དང་རིམ་པ་མངོན་བཞིན་ཡོད།

    རིམ་རྩིས་བརྒྱབ་ན་འཆར་གཞིའི་ནང་གི་དམག་ཞབས་ཐིམ་པའི་དམག་མི་385བཀོད་སྒྲིག་ལེགས་གྲུབ་བྱུང་ནས་བཀོད་སྒྲིག་བྱེད་ཚད་དང་བློ་ཡིད་ཚིམ་ཚད་ཚང་མ་100%ཟིན་ཡོད།

    “དྲ་ཐོག་དང་དྲ་ཕྱི”ཟུང་འབྲེལ་གྱི་ལས་བསྡུའི་འདུ་ཚོགས་ཐེངས་172གཉེར་བ་དང་། ལས་གནས་2067མཁོ་འདོན་བྱས་པ། དམག་ཞབས་ཐིམ་པའི་དམག་མི་དང་དམག་མིའི་ཁྱིམ་མི་1100ལྷག་ཙམ་དབར་ལས་ཞུགས་ཀྱི་འདོད་མཐུན་བྱུང་ཡོད།

    དམག་ཞབས་ཐིམ་པའི་དམག་མི་118ཀྱིས་ལས་གཏོད་རོགས་སྐྱོར་སྲིད་ཇུས་བརྒྱུད་རང་བརྟེན་ལས་གཏོད་ཐུབ་ནས་མི་ཉུང་བ་ཞིག་གྲོང་གསེབ་དར་རྒྱས་ཀྱི“སྣེ་ཁྲིད་པར”གྱུར་ཡོད།

    མཚོ་སྣ་གྲོང་ཁྱེར་དུ་དམག་བཀུར་ཁྲོམ་གཞུང་རྒྱུད་ཀྱི་ཚོང་དུད་ཀྱིས་རང་འགུལ་ངང་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་དུས་བཀག་ནང་བཅའ་སྡོད་བྱ་ཡུལ་གྱི་དཔོན་དམག་ལ་སྐྲ་བཞར་བ་དང་ཉམས་བཟོ་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད། “བུ་ཕྲུག་དམག་གིས་ང་ཚོའི་ཆེད་དུ་མཐའ་མཚམས་སྲུང་གི་ཡོད་པས། ང་ཚོས་ཁོང་ཚོར་བྱ་བཟང་ཏོག་ཙམ་སྒྲུབ་འོས་པ་ཞིག་རེད”ཅེས་དམག་བཀུར་ཚོང་དུད་ཚེ་རིང་སྒྲོལ་མས་བཤད།

    དམག་དམངས་ལག་གདང་སྦྲེལ་ནས་སེམས་མཐུན་འཆར་གཞི་བཀོད།

    ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་བཅའ་སྡོད་དམག་དཔུང་གིས་སྐྲུན་རོགས་བྱས་པའི“བརྒྱད་གཅིག་དམངས་གཅེས་སློབ་གྲྭ”ལས་དཔེ་ཀློག་གི་སྒྲ་གྲགས་ཤིང་། མ་དངུལ་སྒོར་ཁྲི་1200བཏང་བའི་སློབ་གྲྭ་དེས་ཡུལ་སྨད་ཤང་གི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་བ་མ་ཟད། རྒྱལ་སྲུང་སློབ་གསོའི་གཡུལ་ས་གལ་ཆེན་ཞིག་ཏུའང་གྱུར་ཡོད། རེས་གཟའ་ཟླ་བ་འཆར་རིམ་བཞིན་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཐོག་དགེ་སློབ་དང་མཐའ་སྲུང་དཔོན་དམག་གིས་མཉམ་དུ་རྒྱལ་གླུ་བླངས་ནས་རྒྱལ་གཅེས་ཀྱི་བསམ་པ་མཚོན་པར་བྱེད་ཀྱི་ཡོད།

    མཐའ་མཚམས་ཀྱི་འཐབ་ས་དང་པོར་དམག་དམངས་ཀྱིས་མཉམ་དུ་སྐྲུན་པའི“མཉམ་ལྔ་བརྟན་ལྔའི”འདུ་འགོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་སྟེ། མཚོ་སྣ་གྲོང་ཁྱེར་ལམ་ཕུག་ཤང་ཤོད་གྲོང་ཚོའི་སྦག་སྦག་མཐའ་མཚམས་སྐོར་ཞིབ་རུ་ཁག་གིས་དྲག་ཆར་རླུང་འཚུབ་ལ་མི་འཛེམ་པར་འཐའ་མཚམས་སྲུང་སྐྱོང་བྱེད་བཞིན་ཡོད་པ་དང། ལྷུན་རྩེ་རྫོང་ཙ་རི་ཤང་ལྷོ་བ་གྲོང་གསར་དུ་དམག་དཔུང་དང་ས་གནས་མཉམ་ལས་བརྒྱུད་ནགས་ཁྲོད་ཀོ་ཤ་འདེབས་འཛུགས་འཕེལ་རྒྱས་བཏང་ཞིང་། སྔོན་དཔག་བྱས་ན་ལོའི་ཡོང་འབབ་སྒོར་ཁྲི་20ཟིན་རེ་ཡོད།

    ད་ཆ། ཡར་ཀླུང་ས་གཞི་ཆེན་པོར་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཞིག་རིམ་གྱི་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།