དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ཀྲུང་གོ་བའི་མཛེས་ལྗོངས་ལམ་ཆེན”རྒྱལ་ལམ་318ཀྱི་ནུབ་སྣེ་གཞིས་རྩེར་བཅར་འདྲིར་བསྐྱོད་པ།

    མཛའ་གྲོགས་ཟམ་པའི་བཀའ་དྲིན་ལས། ཕྱོགས་གཉིས་འབྲེལ་བ་ཟབ་ཏུ་ཕྱིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤན་ཀན། ཀྲང་པོ་ལན།   |     སྤེལ་དུས།  2025-06-22

    ནེ་པ་ལའི་ཏ་ཏུའུ་པཱ་ཉི་གྲོང་ཚོའི་བྱིས་པའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར། (འདི་ག་ཚཌ་པར་གྱི་གསར་འགོད་པ་ཀྲང་པོ་ལན་གྱིས་བརྒྱབ་པའི་པར)

    སྐྱིད་གྲོང་འགག་སྒོ་སྒྲོལ་རྒྱུ་སྒུག་བཞིན་པའི་ཟོག་འདྲེན་རླངས་འཁོར། (ཞའོ་ཧྥུ་ཀུའེ་ཡིས་བརྒྱབ་པའི་པར)

    གསར་འགོད་པས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་ནེ་པ་ལ་བ་པཱ་སི་ནེ་ཐེར(གཡས་ཀྱི་དང་པོ)བཅར་འདྲི་བྱེད་བཞིན་པ། (འཛམ་གླིང་སྐབས་དོན་ཚགས་པར་གྱི་གསར་འགོད་པ་ཀྲའོ་ཅུའེ་ཁྲེང་གིས་བརྒྱབ་པའི་པར)

    ཡུལ་སྐོར་བས་སྐྱིད་གྲོང་གྲོང་རྡལ་གྱེས་ཕུག་གྲོང་ཚོ་ནས་ཁྱད་ལྡན་ཚོང་ཟོག་ཉོ་བཞིན་པ། (ལྷག་པ་འཛོམས་སྐྱིད་ཀྱིས་བརྒྱབ་པའི་པར)

    འཛམ་གླིང་སྐབས་དོན་ཚགས་པར་གྱི་གསར་འགོད་པ། ཧྥན་ལིང་ཀྲེ ཀྲའོ་ཅུའེ་ཁྲེང་།

    ཀྲུང་གོའི་ཞིང་ཆེན་མང་ཤོས་འབྲེལ་ཞིང་ཆུ་རྒྱུད་ས་ཁུལ་དང་། གཤོངས་ས། ས་མཐོ་བཅས་མཛེས་སྡུག་ལྡན་པའི་རང་བྱུང་དང་མི་ཆོས་རིག་གནས་སྣ་མང་གིས་ཡོངས་སུ་ཁེངས་པའི་རྒྱལ་ལམ་318ལ“ཀྲུང་གོ་བའི་མཛེས་ལྗོངས་ལམ་ཆེན”ཞེས་སུ་གྲགས། རྒྱལ་ལམ་དེ་ཤར་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་མི་དམངས་ཐང་ཆེན་ནས་འགོ་ཚུགས་པ་དང་། ནུབ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་འགྲམ་གྲོང་རྡལ་གྱི་མཛའ་གྲོགས་ཟམ་པ་ནས་མཇུག་བསྡུས་ཡོད།

    ཉིན་ཤས་གོང་གསར་འགོད་པ་འགྲམ་གྲོང་རྡལ་གྱི་མཛའ་གྲོགས་ཟམ་འགྲམ་དུ་སྐྱོད་སྐབས་རྒྱལ་ལམ་རྫོགས་པ་དང་བསྟུན་ཏེ་ལྷིང་འཇགས་ཁུ་སིམ་གྱི་རྣམ་པ་མི་མངོན་ཞིང་། སྔ་དྲོའི་ཆུ་ཚོད་10ཙམ་ལ། ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྒོ་ཕྱེ་ནས་ཟམ་པའི་སྟེང་དུ་རླངས་འཁོར་དང་འགྲུལ་པ་རྒྱུན་མི་ཆད་པར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཕན་ཚུན་འབྲེལ་འདྲིས་ཟབ་པའི་དམིགས་བསལ་གྱི་ཡུལ་ལྗོངས་སྣང་།

    འགྲམ། རེ་བས་ཁེངས་པའི་འགག་སྒོ

    མཛའ་གྲོགས་ཟམ་པ་དེ་བོད་ཆུ་འཕྲེད་དུ་བཅད་ནས་འགྲམ་གྲོང་རྡལ་དང་ནེ་པ་ལའི་ཤིན་ཐུའུ་པར་ཆག་ཁེ་ཆུས་ཏ་ཏུའུ་པཱ་ཉི་གྲོང་ཚོ་དང་འབྲེལ་འདུག

    ཏ་ཏུའུ་པཱ་ཉི་གྲོང་ཚོ་ནས་ཡོང་བའི་ཕོ་གཞོན་ཆི་ལིན་ནི་ཉིན་ལྟར་འགྲམ་འགག་སྒོ་བརྒྱུད་ཀྲུང་གོར་ཡོང་མཁན་སྔ་ཤོས་ཀྱི་གྲས་ཤིག་རེད། “ཁམས་བཟང” “འདི་གོང་ཁེ་པོ་ཡོད”ཅེས་པ་སོགས་ཁོ་པའི་རྒྱ་སྐད་རྒྱུག་པོ་དེ་ཙམ་མེད་ཀྱང་ཚོང་རྒྱག་པར་འགོག་རྐྱེན་འཕྲད་ཀྱི་མེད། འགྱིག་ལྷམ་དང་། ཀམ་པ་ལི། མལ་གདན་སོགས་སྣ་མང་ཕུན་སུམ་ཚོགས་པའི་ཚོང་ཟོག་གིས་སྣ་ཚོགས་ཀྱིས་དེ་ཙམ་ཆེན་པོ་མེད་པའི་ཚོང་ཁང་ཁེངས་ཡོད། ཀྲུང་གོའི་ཐོན་རྫས་ཀྱི་སྤུས་ཀ་དག་ཅིང་རིན་གོང་ཁེ་པོ་འདུག”ཅེས་ཚོང་ཟོག་ཉོ་མཁན་ལ་ཆི་ལིན་གྱིས་ཚོང་ཁང་ནང་གི་དངོས་ཟོག་ངོ་སྤྲོད་བྱས། ཁོ་པས་གཉེར་བའི་ཚོང་ཁང་ནི་འགྲམ་འགག་སྒོའི་ནང་རོལ་དུ་ཡོད་པ་དང་དུས་རྒྱུན་ནས་ཚོང་ཧ་ཅང་ཡག་པོ་ཡོད།

    འགག་སྒོའི་ཉེ་འགྲམ་གྱི་གཞུང་ལམ་སྟེང་དུ་རླངས་འཁོར་གསར་པ་མི་ཉུང་བ་ཞིག་གྲལ་འགྲིག་པོར་བཞག་འདུག རླངས་འཁོར་ཕྱིར་ཚོང་ཀུང་སིའི་ལས་དོན་པ་ཙེང་ཧྲོའེ་ཡིས་ལག་ཏུ་ཡིག་ཆ་མཐུག་པོ་ཞིག་བཟུང་ནས་བྲེལ་བརྩོན་ཆེན་པོས་རླངས་འཁོར་གྱི་གྲངས་འབོར་རྩིས་རྒྱག་པ་དང་ཆབས་ཅིག་ཁ་ལོ་བར་རླངས་འཁོར་འཇོག་ས་བཀོད་འདོམས་བྱས། རླངས་འཁོར་གསར་པ་དེ་དག་ཚང་མ་ཁོང་གིས་འགག་སྒོར་སྙན་སེང་ཞུས་ནས་ནེ་པ་ལར་ཕྱིར་གཏོང་བྱ་རྒྱུ་ཡིན་པ་རེད། ཙེང་ཧྲོའེ་ཡིས“མིང་ཅུའེ་དང་ཤར་རླུང་རྟགས་ཅན་སོགས་རང་རྒྱལ་ནས་ཐོན་པའི་ནུས་རྒྱུ་གསར་པའི་རླངས་འཁོར་འདི་དག་ལ་ནེ་པ་ལ་བས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཟླ་5པའི་ཟླ་མཇུག་བར། ད་ལོ་རིམ་རྩིས་བརྒྱབ་ན་རླངས་འཁོར་1000ལྷག་ཙམ་ཕྱིར་གཏོང་བྱས་ཡོད”ཅེས་བཤད།

    ཧོ་ནན་ཀྲེང་ཀྲོའུ་ནས་ཐོན་ཏེ་ཨེ་ཤེ་ཡ་ལྷོ་མར་སྐྱོད་པའི་དུས་གཏན་མེ་འཁོར་ནང་བླུགས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་དེ་དག་གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་ས་ཚིགས་ནས་འགག་སྒོར་སྙན་སེང་ཞུས་རྗེས་འགྲམ་འགག་སྒོ་བརྒྱུད་ནེ་པ་ལར་དབོར་ཆོག་གི་ཡོད། ཉེ་བའི་ལོ་ཤས་རིང་། ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རའི་དགོས་མཁོ་དང་ཧ་ཅང་འཚམ་པའི་ཀྲུང་གོ་ནས་ཐོན་པའི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་བཅས་ནི་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་སྐད་གྲགས་ཆེ་བའི་ཐོན་རྫས་སུ་གྱུར་ཡོད། 2024ལོར། གཞིས་རྩེའི་འགྲམ་དང་སྐྱིད་གྲོང་འགག་སྒོ་བརྒྱུད་ཕྱིར་གཏོང་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་1.1ཟིན་ཡོད།

    2015ལོའི་ཟླ་4པར་ནེ་པ་ལར་ས་ཡོམ་བརྒྱབ་ནས་དེ་གར་གཏོར་སྐྱོན་ཆེན་པོ་ཕོག་པ་དང་། 2023ལོའི་ཟླ་9ཚེས་1ཉིན་འགྲམ་འགག་སྒོ་གཞི་ནས་འགྲུལ་སྐྱེལ་སླར་གསོ་བྱས་ཤིང་། ད་ཆ་འདི་གར་ནི་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མང་ཤོས་དང་བྲེལ་བརྩོན་ཆེ་ཤོས་ཀྱི་བོད་ཀྱི་འགག་སྒོ་ཞིག་ཏུ་གྱུར་ཡོད།

    སྐྱིད་གྲོང་། ལུང་གཞུང་ཆུང་ཆུང་ཞིག་གི་ལོ་རྒྱུས་རིང་མོ།

    གཞིས་རྩེའི་སྐྱིད་གྲོང་འགག་སྒོར་ནེ་པ་ལའི་སྐྱེལ་འདྲེན་རླངས་འཁོར་གཅིག་རྗེས་གཉིས་མཐུད་ཀྱིས་འགག་སྒོ་བརྒྱུད་དེ་ཀྲུང་གོར་ཡོང་བ་མཐོང་ཐུབ། ལྗིད་ཐེག་རླངས་འཁོར་ཐོག་ཀྲུང་གོ་དང་ནེ་པ་ལའི་ཡི་གེ་་གཉིས་ཀ་བྲིས་པའི་བྱང་བུར“ནེ་པ་ལའི་སྔོ་གཟན་གསོག་ཉར(སྲོག་ཆགས་ཀྱི་གཟན་ཆག)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཕྱིར་གཏོང”ཞེས་བཀོད་ཡོད། 2023ལོའི་ཟླ་7པར། ནེ་པ་ལའི་གཟན་རྩྭ་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་ཀྲུང་གོར་ཕྱིར་གཏོང་ཐེངས་དང་པོ་བྱས་པ་དེ་སྐྱིད་གྲོང་འགག་སྒོ་བརྒྱུད་པ་རེད།

    སྐྱིད་གྲོང་གྲོང་རྡལ་དུ་གསར་འགོད་པར་སྦག་སྦག་16དང་མི་གྲངས་20ལྷག་ཙམ་ལས་གྲུབ་པའི་སྦག་སྦག་རུ་ཁག་ཅིག་ཐུག་བྱུང་། རུ་སྣེ་འཁྲིད་མཁན་སུའུ་ཀྲན·པཱ་སི་ནེ་ཐེ་ནི་ཀ་ཏ་མན་རྡུ་ནས་ཡིན་ཞིང་། ད་ཐེངས་ཁོང་གིས་ཨོ་སི་ཁྲུ་ལི་ཡའི་ཡུལ་སྐོར་བ་16ཁྲིད་དེ་སྦག་སྦག་བཞོན་ནས་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ས་ཁུལ་དུ་ཡུལ་སྐོར་ལ་སྐྱོད་བཞིན་ཡོད་པ་རེད། པཱ་སི་ནེ་ཐེ་ཡིས“འཆར་གཞི་ལྟར་ན་འགྲུལ་བཞུད་ཉིན་11དང་ལམ་ཐག་སྤྱི་ལེ་2500ལྷག་ཙམ་ཟིན་པ་དང་། ཡུལ་སྐོར་བ་ཚོས་རེ་སྒུག་ཆེ་ཤོས་བྱེད་པའི་ལྷ་ས་དང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་སོགས་བརྒྱུད་རྒྱུ་ཡིན”ཞེས་བཤད།

    པཱ་སི་ནེ་ཐེའི་པ་ཕ་དེ་སྔ་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་སུ་ཚོང་རྒྱག་གི་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་རྒྱལ་སྒྲོལ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པའི་ངོས་བཟུང་སྟེ་2001ལོར་ཡུལ་སྐོར་ལས་དོན་ཁང་ཞིག་བཙུགས། མིག་སྔར། ཡུལ་སྐོར་ལས་དོན་ཁང་དེ་པཱ་སི་ནེ་ཐེ་རང་ཉིད་ཀྱིས་གཉེར་འགན་འཁུར་གྱི་ཡོད།

    “ད་ལྟ་ཡུལ་སྐོར་ལས་དོན་ཁང་གི་ཚོང་ཇེ་ཡག་ཏུ་འགྲོ་གི་འདུག ཀྲུང་གོའི་མངའ་ཁོངས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ལེགས་པས། ཨ་རི་དང་། པར་ཙིར། ཡོ་རོབ་སོགས་སུ་ཡོད་པའི་ང་ཚོའི་མཉམ་ལས་ཚོང་པས་ལོ་ལྟར་ཀྲུང་གོར་ཡོང་མཁན་ཡུལ་སྐོར་བ་མང་པོ་ཞིག་ངོ་སྤྲོད་བྱེད་ཀྱི་འདུག”ཅེས་པཱ་སི་ནེ་ཐེ་ཡིས་བཤད་པ་དང་། ཁོང་གིས་ཀྲུང་གོའི་བོད་ལྗོངས་ནི་རྒྱལ་སྤྱིའི་ཡུལ་སྐོར་དམིགས་ས་གྲགས་ཅན་ཞིག་ཡིན་མོད། འོན་ཀྱང་རྒྱལ་ལམ་318འདི་ཉིད་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེན་པོ་དེ་ཙམ་མེད་པའི་ངོས་འཛིན་བྱེད་པ་དང“ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་བར་ལམ་ཐིག་འདི་ངོ་སྤྲོད་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།

    སྐྱིད་གྲོང་གྲོང་རྡལ་དུ་ཚོང་ཁང་ཁག་གཅིག་ཡུལ་སྐོར་བ་སྐྱོད་དགོས་ངེས་ཤིག་ཏུ་གྱུར་ཡོད། ནོར་གླིང་ཟ་ཁང་ནི་ས་གནས་དེ་གར་སྐད་གྲགས་ཆེ་ཙམ་ཡོད་པ་དང་། ཟ་ཁང་དེ་ནེ་པ་ལའི་ཚོང་པ་མིག་དམར་མཚོ་མོ་དང་ཁོང་གི་བཟའ་ཟླས་བཙུགས་པ་ཞིག་ཡིན་ཞིང་། ལོ་14ཡི་གོང་དུ་ཁོང་གིས་ནེ་པ་ལའི་ཟས་རིགས་ཀྱི་ལྷད་མེད་བྲོ་བ་ལྡན་པའི་ཟ་ཁང་ཞིག་སྐྱིད་གྲོང་གྲོང་རྡལ་དུ་བཙུགས་པ་དང་། 2019ལོར་མིག་དམར་མཚོ་མོས་ད་དུང་སྐྱིད་གྲོང་མཐའ་མཚམས་ཡུལ་མིའི་ཉོ་ཚོང་ཁྲོམ་རར་གྱོན་ཆས་ཚོང་ཁང་དང་ཡུལ་ཟོག་ཚོང་ཁང་བཙུགས་པས་ལོ་རེར་ཡོང་འབབ་མི་དམངས་ཤོག་སྒོར་ཁྲི་སུམ་ཅུ་བཞི་བཅུ་ཟིན་གྱི་ཡོད།

    གཞིས་རྩེ། སྒོ་དབྱེ་དང་མཛའ་གྲོགས་ཀྱིས་ཕྱུག་པའི་མཐའ་མཚམས་ཀྱི་གྲོང་གསར།

    2023ལོའི་ཟླ་11ཚེས་13ཉིན། ཀྲུང་ནེའི་ལེགས་རྩེ་ནས་ཉི་ཆུང་བར་གྱི་འགག་སྒོ་དངོས་སུ་ཤར་གཏོང་ཐུབ་ཡོད།

    གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཡག་ར་ཤང་གི་མངའ་ཁོངས་སུ་གནས་པའི་ལེགས་རྩེ་འགག་སྒོར་ས་བབ་སྨི་4772ཡོད་ཅིང་། དེ་ནི་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་འགག་སྒོ་ཞིག་རེད། མ་གཞི་ས་བབ་མཐོ་ཙམ་ཡོད་མོད། འོན་ཀྱང་ལོ་ངོ་སྟོང་རིང་རྒྱུན་མཐུད་པའི“ཚྭ་ལུག་གནའ་ལམ”འདི་ཉིད་གནས་དེ་ནས་བརྒྱུད་དགོས་ལ། དེ་བརྒྱུད་ནས་ནེ་པ་ལའི་གྲོང་ཁྱེར་གལ་ཆེན་ཁཱ་ལཱ་རུའང་འབྱོར་གྱི་ཡོད། འགག་སྒོ་དེ་ཤར་གཏོང་ཐུབ་པ་ལས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་ཚོང་དོན་བགྲོད་ལམ་དེ་བས་ཤར་གཏོང་ཐུབ་ཡོད།

    ནེ་པ་ལའི་ཚོང་པ་ལཱ་ཕའི་ཟ་ཁང་ཡང་ཏ་ཏུའུ་པཱ་ཉི་གྲོང་ཚོར་བཙུགས་ཡོད། འོན་ཀྱང་དེང་སྐབས་ཡུལ་སྐོར་བ་མང་བའི་ནམ་དུས་མིན་པས་ཟ་ཁང་ནང་དེ་ཙམ་མི་མང་པོ་མེད་སྟབས། ལཱ་ཕས་ལག་ཐོགས་ཁ་པར་ནས་དབྱིན་ཡིག་བཀོད་པའི་ཀྲུང་གོའི་དྲ་རྒྱའི་འཁྲབ་ཚན་ཐུང་གྲས་ལྟ་བཞིན་འདུག ཁོང་གིས“ཀྲུང་གོའི་འཁྲབ་ཚན་ཐུང་གྲས་མང་པོ་ཞིག་ཁྱིམ་ཚང་དང་ལས་ཀའི་སྐོར་ཡིན་པས་དངོས་གནས་ལྟད་མོ་ཆེན་པོ་འདུག ང་ཁྱིམ་ཚང་གི་སྐོར་བཀོད་པའི་འཁྲབ་ཚན་ལྟ་རྒྱུར་དགའ་པོ་ཡོད། ཕལ་ཆེར་ཚང་མ་འདྲ་པོ་རེད་འདུག”ཅེས་ལཱ་ཕས་བཤད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། ད་ཆ་ཕྱི་དངུལ་ཞབས་ཞུའི་ས་ཚིགས་15བཙུགས་ཏེ་ཁེ་ལས་ལ་རྒྱལ་སྒྲོལ་ཚོང་དོན་གྱི་བསྡོམས་རྩིས་དང་། འཛིན་ལོར་མ་འཇོག ཕྱི་རྒྱལ་དུ་ཐད་ཀར་མ་འཇོག མི་སྒེར་གྱི་ཕྱི་དངུལ་བརྗེ་རེས་སོགས་ཕྱི་དངུལ་ལས་སྒོ་མང་པོ་གཉེར་གྱི་ཡོད་པ་དེ་དག་མཐའ་མཚམས་རྫོང་གྲོང་9དང་སྐྱིད་གྲོང་འགག་སྒོ་དང་འགྲམ་འགག་སྒོ་གཉིས་ལ་ཁྱབ་ཡོད། “སེམས་རྩ་འཁོལ་བའི་ཞབས་ཞུ་ལས་གྲུབ་འབྲས་གཡུར་ཟ་ཐོབ་ཡོད་ཅིང་། ད་ལོའི་དུས་ཚིགས་དང་པོར་གཞིས་རྩེའི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་9.07ཟིན་པ་དེ་དུས་མཚུངས་ལས་22.2%འཕར་བའི་ཁྲོད་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་5.74བྱས་ཡོད”ཅེས་གཞིས་རྩེ་འགག་སྒོ་ཕྱོགས་བསྡུས་ལས་གཉེར་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཚེ་རིང་མཚོ་མོས་བཤད་པ་དང་། ཁོང་གིས་ད་ལྟའི་གནས་ཚུལ་ལ་གཞིགས་ན། མཐའ་འཁོར་གྱི་འགྲོ་འོང་དང་སྤེལ་རེས་མུ་མཐུད་ཟབ་ཏུ་འགྲོ་བཞིན་ཡོད་པས། སྔོན་དཔག་བྱས་ན་ད་ལོ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད་ཅེས་བཤད།

    སྦྲེལ་མཐུད། བོད་ལྗོངས་གཞིས་རྩེ།

    བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དུ་གནས་པའི་གཞིས་རྩེ་གྲོང་ཁྱེར་ལ་ས་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་17.924ཡོད་པ་དང་ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་ཞིང་། དེ་ནི་ཡར་ཀླུང་གཙང་པོའི་འབྱུང་ཁུངས་རེད། གྲོང་ཁྱེར་དེ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དབུས་ཁུལ་དང་གངས་ཏི་སི་དང་གཉན་ཆེན་ཐང་ལའི་དབུས་ཁུལ་གྱི་བར་དུ་གནས་ཤིང་། མངའ་ཁོངས་སུ་འཛམ་གླིང་གི་རི་རྒྱལ་ལྷུན་པོ་ཇོ་བོ་གླང་མ་ཡོད།

    གཞིས་རྩེར་བོད་རང་སྐྱོང་ལྗོངས་ཀྱི་སྐམ་ལམ་ཚོང་དོན་འགག་སྒོ་6ཁྲོད་ཀྱི་འགྲམ་འགག་སྒོ་དང་། སྐྱིད་གྲོང་འགག་སྒོ ལེགས་རྩེ་འགག་སྒོ འདྲེན་ཐང་འགག་སྒོ རི་འོག་འགག་སྒོ་བཅས་5གནས་ཡོད་པས། དེ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དབར་འབྲེལ་མཐུད་བྱེད་པའི་སྐམ་སའི་བགྲོད་ལམ་གལ་ཆེན་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།