དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་སང་ཧོ་གཙང་པོའི་རིམ་པ་གཉིས་པའི་ཆུ་ཤུགས་གློག་ཁང་གིས།

    ཁམ་ཕུ་ཁྲེའི་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲེང་ཧྲེ་ཅེ།   |     སྤེལ་དུས།  2025-06-22

    འདི་ནི་ཀྲུང་གོ་ཧྭ་ནུས་སང་ཧོ་གཙང་པོའི་རིམ་པ་གཉིས་པའི་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ཡིན་པ།

    སང་ཧོ་གཙང་པོའི་རིམ་པ་གཉིས་པའི་ཆུ་ཤུགས་གློག་ཁང་ལ་ཨེ་ཤེ་ཡའི་ཆུ་ཤུགས་གློག་ཁང་གི་ཆུ་རགས་རིང་ཤོས་ཡོད་པ་དང་། དེ་ནི་མིག་སྔར་ཁམ་ཕུ་ཁྲེའི་ནུས་རྒྱུ་གཙང་མའི་རྣམ་གྲངས་ཆེ་ཤོས་ཡིན་ལ་ཀྲུང་ཁམ་གྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལྗང་མདོག་ནུས་རྒྱུའི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཀྱང་ཡིན།

    གློག་ཤུགས་མཁོ་འདོན་བརྟན་པོ་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོན་པ།

    ཆུ་ཤུགས་གློག་ཁང་གི་ཚོད་འཛིན་ཁང་དུ་ཆུ་ཤུགས་གློག་ཁང་གི་གཉེར་སྐྱོང་འགན་འཁུར་བ་སང་ཧོ་གཙང་པོའི་རིམ་པ་གཉིས་པའི་ཆུ་གློག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏེང་ཡུས་ལིན་གྱིས“ང་ཚོའི་ལས་འགན་ནི་གློག་གཏོང་བ་ཙམ་མ་ཡིན་པར་ད་དུང་ཁམ་ཕུ་ཁྲེའི་གློག་དྲ་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུའི་འགན་ལེན་ཡང་བྱེད་དགོས”ཞེས་བརྗོད།

    ཁམ་ཕུ་ཁྲེའི་ཆུ་བེད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་གསར་སྤེལ་ནུས་པར་ཚོད་འཛིན་ཐེབས་ནས་ལོ་ལྟར་གློག་ཤུགས་མི་འདང་བའི་དཀའ་གནད་འཕྲད་ཀྱི་ཡོད། སང་ཧོ་གཙང་པོའི་རིམ་པ་གཉིས་པའི་ཆུ་ཤུགས་གློག་ཁང་2013ལོར་དངོས་སུ་སྐྲུན་འགོ་ཚུགས་ཤིང་། 2018ལོར་བསྐྲུན་ཟིན་ནས་འཕྲུལ་ཙུའུ་ཚང་མས་ཐོན་སྐྱེད་བྱེད་འགོ་ཚུགས་ཏེ་གློག་གཏོང་ཐུབ་ཡོད། ཆུ་ཤུགས་གློག་ཁང་དེའི་ལོ་རེའི་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་19.7ཟིན་ནས་ལོ་ལྟར་མི་ཁྲི་260ཙམ་གྱི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།

    “ཆུ་ཤུགས་གློག་ཁང་བསྐྲུན་རྗེས་མཐའ་འཁོར་གྱི་གྲོང་མིའི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་སོང་། དེ་སྔ་རླངས་འཁོར་ཕ་ནོམ་ཕེན་དུ་གཏོང་སྐབས་ལམ་སྒྲོན་ཧ་ཅང་ཉུང་ཉུང་ཡིན་མོད། ད་ཆ་ལམ་རྒྱུད་ཀྱི་གྲོང་རྡལ་ཆུང་ཆུང་གི་མཚན་མོའི་ཁྲོམ་རར་ཡང་གློག་འོད་ཆེམ་ཆེམ་འཕྲོ་བས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། གཟའ་མཇུག་ཏུ་སླེབས་རིམ་བཞིན་གྲོང་རྡལ་དུ་མཚན་མོའི་རྟེན་འབྲེལ་མཛད་སྒོ་ཡང་གཉེར་གྱི་ཡོད”ཅེས་རྟག་ཏུ་ཕ་ནོམ་ཕེན་ནས་ཧྲང་ཏིང་བར་འགྲོ་འོང་བྱེད་པའི་ཁམ་ཕུ་ཁྲེའི་ཡུལ་སྐོར་སྣེ་ཤན་པ་ཅིན་ཙི་ལུང་གིས་བརྗོད།

    གྲོང་མི་ཉ་བཟུང་ནས་འཚོ་ཐབས་བྱེད་པ་ནས་ཉ་བཟུང་ནས་སྤྲོ་གསེང་བྱེད་པའི་བར་གྱི་འགྱུར་བ།

    སི་ལེ་ཀེར་གྲོང་ཚོ་ནི་སང་ཧོ་གཙང་པོའི་རིམ་པ་གཉིས་པའི་ཆུ་ཤུགས་གློག་ཁང་གི་ཆུ་མཛོད་ཁུལ་གྱི་གནས་སྤོས་ཡུལ་མིའི་ཁྱིམ་གཞིས་གསར་པ་ཞིག་རེད། “འདིར་ཡོང་རྗེས་ང་ཚོའི་འཚོ་བ་ཇེ་ཡག་ཏུ་ཕྱིན་སོང”ཞེས་གྲོང་ཚོ་དེའི་གྲོང་མི་ཁོ་ཨིན་ཕའེ་ཁེས་བརྗོད།

    དེ་སྔའི་སི་ལེ་ཀེར་གྲོང་ཚོ་ནི་ཕྱི་རོལ་དང་ཧ་ལམ་འབྲེལ་བ་ཆད་པའི་གྲོང་ཚོ་ཞིག་ཡིན་པས་མི་རྣམས་ཀྱི་འཚོ་བ་དབུལ་པོ་ཡིན་ཞིང་། སང་ཧོ་གཙང་པོའི་རིམ་པ་གཉིས་པའི་ཆུ་ཤུགས་གློག་ཁང་སྐྲུན་རིང་གྲོང་མི་མི་ཉུང་བ་ཞིག་ལ་དེ་ནས་ལས་ཀ་རག་སྟེ་ཡོང་འབབ་ཧ་ཅང་མང་དུ་ཕྱིན་ཡོད། ཆུ་ཤུགས་གློག་ཁང་གི་གནས་སྤོས་ཡུལ་མིའི་གནས་སྤོའི་འཆར་གཞི་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་པ་དང་ཆབས་ཅིག་གྲོང་མི་ཚོ་སྡོད་ཁང་གསར་པའི་ནང་སྤོས་པ་དང་ས་ཞིང་ཡང་རག་ཡོད། ཆུ་ཤུགས་གློག་ཁང་བསྐྲུན་རྗེས་ལམ་གསར་པ་ཞིག་སི་ལེ་ཀེར་གྲོང་ཚོར་ཐད་ཀར་ཤར་གཏོང་ཐུབ་ནས་གྲོང་མི་རྣམས་ཕྱི་རོལ་དང་འབྲེལ་བ་བྱེད་པར་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད། ཞིང་ནང་དུ་མུའུ་ཧྲུའུ་དང་ངང་ལག་སོགས་དཔལ་འབྱོར་ལོ་ཏོག་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད།

    ཆུ་ཤུགས་གློག་ཁང་གི་རགས་ཁའི་གཡས་ངོགས་ནས་ཆུ་རགས་ཕལ་པ་བརྒྱུད་དྭངས་གཙང་གི་ཆུ་བོ་ཆུང་ཆུང་ཞིག་ཤིང་ནགས་ཁྲོད་དུ་རྒྱུག་བཞིན་ཡོད་པ་དེ་ནི་སང་ཧོ་གཙང་པོའི་རིམ་པ་གཉིས་པའི་རང་བྱུང་འདྲ་བཟོའི་ཉ་ལམ་ཡིན་ཞིང་། ཉ་ལམ་དེའི་སྤྱིའི་རིང་ཚད་སྨི་2900ཙམ་ཡོད་པ་དང་། སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཆུ་ཁའི་ཧེ་བག་ཆེ་ཤོས་སྨི་26.5ཡིན། ཞེང་ཚད་ནི་སྨི་4ནས་སྨི་5བར་ཡིན་པ་དང་སྨི་800ཡས་མས་མཚམས་སུ་ད་དུང་ངལ་གསོའི་རྫིང་རེ་བཙུགས་ཡོད། ཉ་ཕྱིར་རྒྱུའི་དུས་ཚིགས་དང་ཏག་ཏག་འཁེལ་བས་མཚམས་རེར་ཕྱིར་རྒྱུ་པའི་ཉ་ཁྱུ་ཡང་ཡོད་པ་རེད།

    སང་ཧོ་གཙང་པོའི་རིམ་པ་གཉིས་པའི་ཆུ་གློག་ཚད་ཡོད་ཀུང་སིའི་ལས་གྲྭ་པུའུ་ཡི་ཀྲུའུ་རེན་ལི་གོ་ཆིང་གིས་ངོ་སྤྲོད་བྱས་པར། ཁེ་ལས་ཀྱིས་ལས་གྲྭ་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་པ་ལས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་པའི་ཐོག་མའི་དུས་སུ་ཀུང་སིས་ཁོར་ཡུག་དཔྱད་དཔོག་བརྟག་དཔྱད་བྱས་པ་བརྒྱུད། རྣམ་གྲངས་སྤེལ་སའི་ས་ཁོངས་སུ་ཐག་རིང་པོ་ནས་ཕྱིར་རྒྱུ་ཡོང་བའི་ཉ་རིགས་34ཡོད་པ་ཤེས་རྟོགས་བྱུང་བ་རེད། ཉ་རིགས་དེ་དག་བདེ་བླག་ངང་ཕྱིར་རྒྱུ་ཐུབ་ཆེད། ཀུང་སིས་རང་འགུལ་ངང་ཁམ་ཕུ་ཁྲེ་ཕྱོགས་དང་འབྲེལ་གཏུག་བྱས་ནས་ཉ་ལམ་ལས་གྲྭ་མང་དུ་བཏང་བ་རེད།

    ས་གནས་དེ་གའི་གྲོང་མི་སུའུ་དབྱིས“ཆུ་མཛོད་ཁུལ་གྱི་ཆུའི་སྤུས་ཀ་ཧ་ཅང་ལེགས་པ་མ་ཟད། ཉའང་མང་པོ་ཡོད། དེ་སྔ་ང་ཚོ་ཁྱིམ་ཚང་གིས་ཉ་བཟུང་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་འཚོ་བ་ཇེ་ཡག་ཏུ་ཕྱིན་པས་ཆུ་མཛོད་ཁུལ་དུ་ཉ་འཛིན་པ་ནི་སྤྲོ་གསེང་བྱེད་ཐབས་ཤིག་ཏུ་གྱུར་ཡོད”ཅེས་བརྗོད།

    ཤེས་ལྡན་པ་གསོ་སྐྱོང་བྱས་ནས་དུས་ཡུན་རིང་པོར་བཀོལ་སྤྱོད་བདག་སྐྱོང་བརྟན་པོ་ཐུབ་རྒྱུར་སྐུལ་འདེད་བཏང་བ།

    ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱ་ཆེད། སང་ཧོ་གཙང་པོའི་རིམ་པ་གཉིས་པའི་ཆུ་གློག་ཚད་ཡོད་ཀུང་སིས་ཁམ་ཕུ་ཁྲེའི་རྒྱལ་ཁོངས་ཀྱི་གློག་ཤུགས་བཟོ་སྐྲུན་པ་གསོ་སྐྱོང་བྱེད་པའི་ལོ་བཅུའི་འཆར་འགོད་བཟོས་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་ཀྲུང་གོའི་བཟོ་སྐྲུན་པ་དང་ཁམ་ཕུ་ཁྲེའི་རྒྱལ་ཁོངས་ཀྱི་བཟོ་སྐྲུན་པའི་དབར་དགེ་རྒན་དང་དགེ་ཕྲུག་གི་གྲོས་མཐུན་བཞག་ནས་དམར་ཁྲིད་བྱས་པ་རེད།

    “སང་ཧོ་གཙང་པོའི་རིམ་པ་གཉིས་པའི་ཆུ་ཤུགས་གློག་ཁང་གིས་ང་ཚོར་སློབ་སྦྱོང་གི་གོ་སྐབས་རྩ་ཆེན་སྤྲད་བྱུང་། ཀྲུང་གོ་ཕྱོགས་ཀྱི་ལས་རོགས་ཚོས་ལས་ཀ་བྱེད་སྟངས་དང་ཉམས་མྱོང་ཡོངས་རྫོགས་ཞིབ་ཚགས་པར་བསླབས་པ་དང་། མིག་སྔར་ཆུ་ཤུགས་གློག་ཁང་དུ་ཁམ་ཕུ་ཁྲེའི་བཟོ་སྐྲུན་པ་20ལྷག་ཙམ་ཡོད། ཁོ་ཚོ་ཚང་མས་འབད་བརྩོན་ཆེན་པོས་སྔ་ཙམ་གློག་ཤུགས་བཟོ་སྐྲུན་པ་ཚད་ལྡན་གྲས་སུ་འགྱུར་བའི་བརྩོན་ལེན་བྱས་ཏེ། ཆུ་ཤུགས་གློག་ཁང་ཡུན་རིང་བརྟན་པོའི་ངང་བཀོལ་སྤྱོད་བདག་སྐྱོང་ཐུབ་རྒྱུར་ལེགས་སྐྱེས་འབུལ་བར་བརྩོན་བཞིན་ཡོད”ཅེས་ཆུ་ཤུགས་གློག་ཁང་བཀོལ་སྤྱོད་བདག་སྐྱོང་སྲུང་སྐྱོང་པུའི་ཁམ་ཕུ་ཁྲེའི་གློག་ཤུགས་བཟོ་སྐྲུན་པ་ཧོང་ལི་ཧྥུང་གིས་བརྗོད།

    ལས་ཀའི་ཞོར་དུ་ཧོང་ལི་ཧྥུང་གིས་རྟག་ཏུ་ལས་རོགས་ཚོ་དང་མཉམ་དུ་འདུ་འཛོམས་དང་ལུས་རྩལ་སྦྱོང་བརྡར་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་པས་ཀྲུང་ཁམ་ལས་རོགས་དབར་མཛའ་གྲོགས་ཟབ་མོ་ཆགས་ཡོད། ཧོང་ལི་ཧྥུང་གིས“ཆུ་ཤུགས་གློག་ཁང་གི་ལས་ཀས་རང་ཉིད་ལ་སྤོབས་པ་སྤྲད་བྱུང་ལ། ལས་རོགས་ཚོས་ཀྱང་དྲོ་སྐྱིད་སྦྱིན་བྱུང་བས་འདི་ནི་ངའི་ཁྱིམ་གཉིས་པ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།