ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་ནས་ཅང་ཧན་དང་ཅང་ཧོའེ་སོགས་སུ་སྔར་བཞིན་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ།
ཆུ་བེད་པུའུ་ཡིས་ཆུ་ལོག་འགོག་སྲུང་རིམ་པ་IVཡི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ།
ད་ལོའི་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་དམར་མདོག་ཉེན་བརྡ་ཐོག་མ་བཏང་བ།
གནམ་གཤིས་ཀྱི་ལྟ་ཞིབ་ཚད་ལེན་ལས་མངོན་པར། ཚེས་19ཉིན་གྱི་ཉིན་མོར་ཧྲན་ཏུང་དང་། ཧོ་ནན། ཧུའུ་ནན། ཀོང་ཤིས་སོགས་སུ་ཆར་པ་ཆེན་པོ་བབས་པའི་གནམ་གཤིས་བསྟན་ཞིང་། སྔོན་དཔག་བྱས་ན་འབྱུང་འགྱུར་ཉིན་གསུམ་ནང་ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་ནས་ཅང་ཧན་དང་ཅང་ཧོའེ་སོགས་སུ་སྔར་བཞིན་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ་རེད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིཌ་ན། ཚེས་19ཉིན་གྱི་མཚན་མོ་ནས་ཚེས་21ཉིན་བར། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་རྒྱུད་དང་བྱང་རྒྱུད། ཅང་ཧན། ཅང་ཧོའེ། རྨ་ཆུའི་ལྷོ་རྒྱུད་ཧོའེ་ཧོ་ཡི་བྱང་རྒྱུད། ཀོང་ཤིས་ནུབ་རྒྱུད་སོགས་ས་ཁུལ་དུ་ཆར་པ་ཆེན་པོ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་དྲག་ཆར་འབབ་རྒྱུ། ས་ཆ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ། ཀུའེ་ཀྲོའུ་ལྷོ་རྒྱུད་དང་ཧུའུ་པེའི་ཤར་རྒྱུད་སོགས་ས་ཆ་ཁག་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།
ཟླ་6ཚེས་19ཉིན་གྱི་ཆུ་ཚོད་12ལ་ཆུ་བེད་པུའུ་ཡིས་ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ། ཧོ་ནན། ཧུའུ་པེ། ཧུའུ་ནན། ཀོང་ཤིས། ཁྲུང་ཆིང་། ཀུའེ་ཀྲོའུ་བཅས་ཞིང་ཆེན་9(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ལ་དམིགས་ནས་ཆུ་ལོག་འགོག་སྲུང་རིམ་པ་IVཡི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་མ་ཟད། ལས་དོན་ཚོགས་ཆུང་3ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ་བཅས་སུ་དྲག་ཆར་དང་ཆུ་ལོག་འགོག་སྲུང་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་རེད། ཆུ་བེད་པུས་ཉིན་རེའི“ཞིང་ཆེན་རེ་ལ་ཐོ་རེ”ཡི་དམིགས་ཚད་སྔོན་བརྡ་ཁྱབ་བསྒྲགས་བྱས་ནས་ཆར་ཆུ་མང་བའི་ཁུལ་གྱི་ཆུ་མཛོད་བདེ་འཇགས་ངང་འབྲུབ་དུས་ལས་སྒྲོལ་བ་དང་། གྲོང་ཁྱེར་གྱི་འཁྱིལ་ཆུའི་གནོད་སྐྱོན། ཆུ་བོ་འབྲིང་ཆུང་གི་ཆུ་ལོག་འགོག་སྲུང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་དྲན་སྐུལ་བྱས་པ་རེད།
ཟླ་6ཚེས་19ཉིན་གྱི་ཆུ་ཚོད་18ལ་ཆུ་བེད་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་མཉམ་དུ་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་དམར་མདོག་ཉེན་བརྡ་བཏང་བ་ནི་ད་ལོའི་དམར་མདོག་ཉེན་བརྡ་ཐོག་མ་དེ་རེད། སྔོན་དཔག་བྱས་པར་གཞིགས་ན། ཟླ་6ཚེས་19ཉིན་གྱི་ཆུ་ཚོད་20ནས་ཟླ་6ཚེས་20ཉིན་གྱི་ཆུ་ཚོད་20བར། ཨན་ཧུའེ་ཡི་ནུབ་རྒྱུད་དང་། ཧོ་ནན་གྱི་ལྷོ་རྒྱུད། ཧུའུ་པེའི་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཀོང་ཤིས་ཀྱི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན(ལི་མདོག་གི་ཉེན་བརྡ)ཆེ་བ་དང་ས་ཆ་ཁག་གཅིག་ལ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན(དམར་མདོག་གི་ཉེན་བརྡ)ཧ་ཅང་ཆེན་པོ་ཡོད།