བྱིས་པའི་སྨན་ཁང་ནང་གི་ལུས་ལ་རྩེད་ཆས་བཏགས་པའི་སེམས་གསོ་བ་ཞིག
འདི་ནི་ཡུས་ཅིང་ཅིང་དང་སྨན་བཅོས་བྱེད་པར་ཡོང་བའི་ཕྲུ་གུ་ཡིན་པ།
ལེའོ་ཉིང་ཏ་ལེན་གྲོང་ཁྱེར་བུད་མེད་དང་བྱིས་པའི་སྨན་བཅོས་ལྟེ་གནས(ཚོགས་པ)བྱིས་པའི་སྨན་ཁང་གི་སྒོ་བསྟེན་ཁང་དུ། ངུ་སྐད་དྲག་པོ་ཞིག་ལ་མི་རྣམས་དོ་སྣང་ཆེན་པོ་བྱུང་།
ཨ་མའི་པང་དུ་ཡོད་པའི་ལོ་གཉིས་དང་ལོ་ཕྱེད་ལ་སླེབས་པའི་ཁྲེན་ཁྲེན(མིང་ཚབ)གྱིས་སྨན་གཡོག་གིས་ཁབ་རྒྱག་པར་ཡོང་བ་མཐོང་འཕྲལ་སྐྲག་ནས་ངུས། ངུ་སྐད་དེས་ཕྲུ་གུ་གཞན་དག་ཀྱང་དངངས་ཤིང་འཚབ།
སྐབས་དེ་དུས་སྨན་ཁང་གི་བདེ་སྲུང་བ་ཡུས་ཅིང་ཅིང་འཕྲལ་མར་མདུན་དུ་ཡོང་ཞིང་། ཁོང་གི་ལུས་ལ་བདེ་སྲུང་ཆས་སྤྲས་ཡོད་ནའང་སྟོད་ཀོར་དུ་རྩེད་ཆས་སྣ་ཚོགས་བཏགས་ཡོད་པ་སྟེ། དཔུང་པ་གཡོན་མའི་སྟེང་དུ་ཆུ་སྲིན་སྤུ་སོབ་སོབ་ཅིག་དང་། དཔུང་པ་གཡས་པའི་ཐོག་དོམ་ཁྲ་སྤུ་སོབ་སོབ་ཅིག་ཡོད་པ་དེ་གཉིས་སྙིང་རྗེ་མདོག་ཁ་པོ་ཞིག་ཡོད་མ་ཟད། རྒྱབ་ཏུ་ཨ་ལད་པད་ཀོག་དང་རྩེད་ཆས་20ལྷག་ཙམ་བཏགས་ཡོད། གཞན་ཡང་ད་དུང་སྐེད་པར་ཁུག་མ་ཁ་ཤས་ཡོད་པའི་ནང་དུའང་རྩེད་ཆས་ལྡག་ལྡག་བླུགས་ཡོད་པ་དང་། བྲང་ཁར“རོགས་པ་དགོས་ན་འབོད་རོགས”ཞེས་བྲིས་ཡོད།
ཡུས་ཅིང་ཅིང་ཁྲེན་ཁྲེན་མདུན་དུ་ཡོང་སྟེ་ཁུག་མ་ནས་རྩེད་ཆས་རླངས་འཁོར་ཞིག་བཏོན་ཏེ་ཁྲེན་ཁྲེན་ལ་སྤྲོད་ཞོར་དུ། ངག་འཇམ་པོས“ཁབ་གཟེད་ན་མགྱོགས་པོ་དྲག་གི་རེད། མ་ངུ་དང་། རླངས་འཁོར་འདི་རྩེས་དང”ཞེས་བཤད།
ཕྲུ་གུ་རྩེད་ཆས་ལ་མགོ་འཁོར་བ་དང་བསྟུན་ནས། སྨན་གཡོག་གིས་ལམ་སེང་ཁྲེན་ཁྲེན་གྱི་དཔུང་པར་དུག་སེལ་བྱས་རྗེས་ཁབ་བརྒྱབ། དེ་དག་ཚར་རྗེས་ཁྲེན་ཁྲེན་གྱིས་གཞི་ནས་ཚོར་ཏེ་ངུ་རྩིས་བྱེད་སྐབས་ཡུས་ཅིང་ཅིང་ལ་ལྟ་ཙམ་བྱས་རྗེས་ཁ་གདངས་པ་ཙམ་ལས་ངུས་མེད།
ད་ལོ་ལོ་40ལ་སླེབས་པའི་ཡུས་ཅིང་ཅིང་ནི་ལོ་5ཡི་གོང་སྨན་ཁང་དེར་བདེ་སྲུང་བྱེད་པར་ཡོང་ཞིང་། སྐོར་གཡེང་བྱེད་སྐབས་ཁོང་གིས་རྟག་ཏུ་ཕྲུ་གུ་ཚོས་བོར་བའི་རྩེད་ཆས་སྒྲུག་གི་ཡོད། “འདི་དག་ཚང་མ་ཁྱིམ་བདག་ཚོས་ཕྲུ་གུ་སྨན་ཁང་དུ་འཁྲིད་སྐབས་ཉོས་པ་ཤ་སྟག་རེད། ངས་དུག་སེལ་བྱས་རྗེས་སྟོད་ཀོར་དུ་བཏགས་ན‘བོར་དངོས་ལེན་ས’ཞིག་ཏུ་གྱུར་པས་ཁྱིམ་བདག་ཚོས་འཚོལ་བར་ཡོང་སྐབས་ལམ་སེང་མཐོང་ཐུབ”ཅེས་ཡུས་ཅིང་ཅིང་གིས་ཐོག་མའི་བསམ་ཚུལ་གླེང་།
ཕྱིས་སུ། ཡུས་ཅིང་ཅིང་གིས་ཐབས་ཤེས་དེ་ཡག་པོ་ཡོད་པ་ཤེས་རྗེས་སོ་སོས་ཀྱང་རྩེད་ཆས་མང་པོ་ཉོས་ནས་ལུས་ལ་བཏགས་ཏེ་ངུ་གཤར་རྒྱག་མཁན་ཕྲུ་གུ་ཚོར་སྤྲོད་ཀྱི་ཡོད། དེ་ལྟར་རིམ་བཞིན་ཡུས་ཅིང་ཅིང་སྨན་ཁང་ནང་གི“ཡུལ་ལྗོངས”དམིགས་བསལ་ཞིག་ཏུ་གྱུར་པ་དང་། ཁྱིམ་བདག་ཁག་གཅིག་གིས་ཁོང་ལ་ལུས་ལ་རྩེད་ཆས་བཏགས་པའི་སེམས་གསོ་བ་ཞེས་འབོད་ཀྱི་ཡོད།
ཉིན་ལྟར་ཞོགས་པའི་ཆུ་ཚོད་7པར། ཡུས་ཅིང་ཅིང་དུས་ཐོག་ཏུ་ལས་གནས་ཐོག་འབྱོར་ཏེ་རྩེད་ཆས་བཏགས་པའི་སྟོད་ཀོར་གྱོན་ནས་སྒོ་བསྟེན་ཁང་དང་ནད་སྡོད་ཁང་དུ་སྐོར་ཞིབ་དང་ཕྲུ་གུ་ཚོར་མགོ་བསྐོར་བ་ཕུད། ཁོང་གིས་ད་དུང་ཁྱིམ་བདག་ཚོར་དཀའ་གནད་སེལ་རོགས་བྱས་ཏེ་ལམ་སྣེ་འཁྲིད་པ་དང་། དམར་འབྱར་བླུག་འཁོར་འབུད་རོགས། ཕྲུ་གུ་ཉར་རོགས་སོགས་བྱེད་ཀྱི་ཡོད།
ས་ཆ་གཞན་ནས་ཡོང་བའི་ཕྲུ་གུ་ཞིག་གིས་ཁོང་གི་བྱས་རྗེས་ཐོས་རྗེས། ཆེད་མངགས་ཁྱིམ་བདག་དང་མཉམ་དུ་ཏ་ལེན་དུ་ཡོང་སྟེ་ཁོང་ལ་རྩེད་ཆས་མང་པོ་སྤྲད་པ་དང་། ཅང་སུའུ་ཡི་རྩེད་ཆས་ཚོང་ཁང་ཞིག་གི་སྦྱིན་བདག་གིས་ཀྱང་ཁོང་ལ་འབྲེལ་བ་བྱས་ནས་ཟླ་རེར་རྩེད་ཆས་བཅུ་གྲངས་ལྷག་ཙམ་རིན་མེད་ངང་བསྐུར་གྱི་ཡོད། གཞན་ཡང་། ཡུས་ཅིང་ཅིང་གི་ལོ་13ལ་སླེབས་པའི་བུས་ཀྱང་སོ་སོའི་རྩེད་ཆས་གསར་པ་ཁོང་ལ་སྤྲད་དེ་དགོས་མཁོ་ཡོད་པའི་ཕྲུ་གུར་སྤྲོད་རོགས་ཞེས་བརྗོད་ཀྱི་ཡོད།
2024ལོའི་ཟླ་6ཚེས་1ཉིན། ཏ་ལེན་གྲོང་ཁྱེར་བུད་མེད་དང་བྱིས་པའི་སྨན་ཁང་ལྟེ་གནས(ཚོགས་པ)བྱིས་པའི་སྨན་ཁང་ཁུལ་གྱི་ལུས་ལ་རྩེད་ཆས་བཏགས་པའི་སེམས་གསོ་བའི་ཞབས་ཞུ་རུ་ཁག་དངོས་སུ་བཙུགས་ཤིང་། བདེ་སྲུང་མི་སྣ་དང་སྨན་བཅོས་སྣེ་ཤན་པས་ཁོངས་མི་གཙོ་བོ་བྱས་ཏེ་སྨན་ཁང་གི་གང་སར་ཁོང་ཚོའི་གཟུགས་བརྙན་མཐོང་རྒྱུ་ཡོད་ལ་ཕྲུ་གུ་ཚོར་དགོད་སྒྲ་སྦྱིན་པ་དང་ཁྱིམ་བདག་ཚོར་ཞབས་འདེགས་དེ་བས་ལེགས་པ་ཞུ་བཞིན་ཡོད། ཡུས་ཅིང་ཅིང་གིས“ཁྱིམ་བདག་དང་ཕྲུ་གུ་ཚོར་རོགས་རམ་ཕྲན་བུ་བྱས་ཀྱང་དོན་སྙིང་ཧ་ཅང་ཆེན་པོ་ལྡན”ཞེས་བཤད།