སྤྱི་བདེ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འདབ་ཆགས་རྔོན་པ་དང་ལྐོག་ཚོང་གི་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པ།
རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་འདབ་ཆགས་ལ་སྲུང་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་བ།
གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་འདི་ག་ཚགས་པར་གྱིས་ཧྲའན་ཤིས་ཤིས་ཨན་གྱི་ས་ཆ་འགའ་ཤས་སུ་ཁྲིམས་འགལ་ངང་རི་སྐྱེས་འདབ་ཆགས་རྔོན་པ་དང་། འཛིན་པ། ལྐོག་ཚོང་བཅས་བྱེད་པའི་གནད་དོན་ཡོད་པ་སྤེལ་གཏོང་བྱས་རྗེས། སྤྱི་བདེ་པུས་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་འདབ་ཆགས་ལ་སྲུང་སྐྱོང་བྱེད་པའི་བྱེད་སྒོ་སྤེལ་ནས་ཁྲིམས་འགལ་ངང་འདབ་ཆགས་རྔོན་པ་དང་། འཛིན་པ། ལྐོག་ཚོང་བཅས་བྱེད་པའི་བྱེད་སྤྱོད་ལ་རྒྱུན་མཐུད་ཆེད་དོན་རྡུང་རྡེག་བཏང་བ་མ་ཟད། ལས་དོན་ཚོགས་ཆུང་འཕྲལ་དུ་ཤིས་ཨན་དུ་མངགས་ཏེ་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འདབ་ཆགས་ཁྲིམས་འགལ་ངང་རྔོན་པ་དང་། འཛིན་པ། ལྐོག་ཚོང་བཅས་བྱེད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བར་མཛུབ་ཁྲིད་བྱས་ནས་རྔོན་པ་དང་། འཚོང་བ། ཉོ་བ། སྐྱེལ་འདྲེན་སོགས་ལྷུ་ཚིགས་ནས་འགོ་བཙུགས་ཏེ་འཁོར་འབྲེལ་ཧྲིལ་པོར་གྲལ་བཤེར་བཅོས་སྒྲིག་བྱས་པ་དང་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ལ་རྩད་གཅོད་མཐར་ཕྱིན་བྱས་ཏེ་ཟིལ་གནོན་གྱི་རྣམ་པ་མྱུར་དུ་ཆགས་པར་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། སྤྱི་བདེ་པུས“ཁུན་ལུན”སོགས་ཀྱི་ཆེད་དོན་བྱ་སྤྱོད་དང་ཆེད་དོན་ལས་དོན་བསྟུད་མར་སྤེལ་རྒྱུ་བཀོད་སྒྲིག་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་18དུ་རྩ་ཆེན་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་བྱ་སྤྱོད་སྤེལ་ནས་རྩ་ཆེན་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བ་དང་རྒྱལ་ཁབ་ཀྱི་སྲུང་སྐྱོང་འདབ་ཆགས་སོགས་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་རྔོན་པ་དང་། ཉོ་བ། སྐྱེལ་འདྲེན། འཚོང་བ་བཅས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བ་དང་ནག་ཉེས་རྩད་གཅོད་ལ་ཤུགས་སྣོན་བརྒྱབ་སྟེ་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་ཁོར་ཡུག་བཟང་པོར་སྲུང་སྐྱོང་ཏན་ཏིག་བྱས་ཡོད། ད་ལོ་ཚུན། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྲུང་སྐྱོང་འདབ་ཆགས་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཁག་2900ལྷག་ཙམ་ལ་གྱོད་ཐོ་བཀོད་ནས་སྒྲུབ་གཉེར་བྱས་ཏེ་ཉེས་གསོག་གི་འཁོར་འབྲེལ་ཁག་གཅིག་རྩ་མེད་བཏང་ཡོད།