ཕྱི་འབྲེལ་པུས་གློག་རྡུལ་ཟུར་སྣོན་དཔང་ཡིག་ཚོད་ལྟའི་མཆན་སྤྲོད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ལས་ཕྱོད་སྔར་བས་ཆེ་རུ་གཏོང་ཆེད། ཕྱི་འབྲེལ་པུས་ཟླ་6ཚེས་18ཉིན་ནས་བཟུང་གློག་རྡུལ་ཟུར་སྣོན་དཔང་ཡིག་རྣམ་གྲངས་ཚོད་ལྟའི་ངང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། བྱེད་ཐབས་འདི་ལས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྤྱི་དམངས་དང་ཁེ་ལས་ལ་ཁ་ཡོད་ལག་ཡོད་ཀྱི་སྟབས་བདེ་བསྐྲུན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
ཀུའོ་ཅ་ཁུན་གྱིས་བརྗོད་དོན། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་གཞུང་ཡིག་རྒྱལ་སྒྲོལ་རྒྱུན་འཁོར་སྟབས་བདེ་རུ་གཏོང་བའི་བྱེད་ཐབས་གསར་ཤོས་ཤིག་རེད། 2023ལོའི《ཕྱི་རྒྱལ་གྱི་གཞུང་ཡིག་ཁས་ལེན་དཔང་འདོན་བླང་བྱ་མེད་པར་བཟོ་བའི་སྤྱི་ཆིངས》ཀྲུང་གོར་གོ་ཆོད་ལག་ལེན་བསྟར་རྗེས་ཀྲུང་གོ་དང་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་དབར་གྱི་གཞུང་ཡིག་རྒྱལ་སྒྲོལ་རྒྱུན་འཁོར་དཔང་ཡིག་གི་འགྲོ་ལུགས་ཧ་ཅང་གཉེར་བདེ་རུ་ཕྱིན་ནས། གཞུང་ཚབ་ཀྱི“ཁས་ལེན་དཔང་འདོན་གཉིས”ནས་གོམ་སྟབས་གཅིག་གི“ཟུར་སྣོན་དཔང་ཡིག”ཏུ་སྟབས་བདེ་རུ་སོང་ཡོད། ཕྱི་འབྲེལ་པུས་ཟླ་6ཚེས་18ཉིན་ནས་བཟུང་གློག་རྡུལ་ཟུར་སྣོན་དཔང་ཡིག་རྣམ་གྲངས་ཚོད་ལྟའི་ངང་ལག་བསྟར་བྱ་རྒྱུའི་ཐག་བཅད་པ་དེའང་སྤྱི་ཆིངས་ལས་སྐུལ་མ་ཐེབས་པ་ཞིག་རེད།
ཀུའོ་ཅ་ཁུན་གྱིས་བརྗོད་དོན། ད་ཐེངས་ཀྱི་ཚོད་ལྟའི་ལས་དོན་གྱིས་དྲ་ཕྱིའི་རེ་ཞུ་བྱེད་སྟངས་ཕྱོགས་ཡོངས་ནས་མེད་པར་བཟོས་པ་དང་། རེ་ཞུ་མཁན་གྱིས་གཞུང་ཡིག་རེ་ཞུ་བྱེད་པ་དང་མཉམ་དུ་དྲ་ཐོག་ནས་གློག་རྡུལ་ཟུར་སྣོན་དཔང་ཡིག་སྒྲུབ་གཉེར་བྱས་ནས་ལེན་ཆོག་གི་ཡོད་པས་གཞུང་ཚབ་ཀྱི་ཁས་ལེན་དཔང་འདོན་སྒྲིག་གཞིར་བསྐྱོད་ནས་དྲ་ཕྱིའི་འགྲོ་ལུགས་གཉེར་མི་དགོས་ལ་ཕར་རྒྱུག་ཚུར་རྒྱུར་ཡང་བྱེད་མི་དགོས་པ་དངོས་འབྲེལ་མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག་གློག་རྡུལ་ཟུར་སྣོན་དཔང་ཡིག་དྲ་ཐོག་ནས་ཞིབ་བཤེར་བྱེད་ཆོག་གི་ཡོད་པས་རེ་ཞུ་མཁན་དང་ཡིག་ཆ་སྤྱོད་མཁན་ཚན་པས་རྒྱལ་སྒྲོལ་ཡིག་ཆ་རྒྱུན་འཁོར་གྱི་སྤུས་ལེགས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ། བྱེད་ཐབས་དེ་ལས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྤྱི་དམངས་དང་ཁེ་ལས་ཀྱི་དུས་ཚོད་དང་དཔལ་འབྱོར་གྱི་མ་གནས་གྲོན་ཆུང་ཆེན་པོ་ཐུབ་ནས་ཁ་ཡོད་ལག་ཡོད་ཀྱི་སྟབས་བདེ་བསྐྲུན་རྒྱུ་རེད།