ཀྲུང་གོའི་བོད་རིག་པ་མཁས་ཅན་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ།
ཚེས་16ནས་18ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་རིག་པ་མཁས་ཅན་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་བྱས་ནས་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་དང་། རིག་མཛོད། རིགས་གཅིག་མཁས་ཅན། ཆོས་ལུགས་ལས་རིགས་ཀྱི་མི་སྣ་སོགས་དང་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལག་ལེན། དེ་བཞིན་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་རིག་གནས་སྤེལ་རེས་སོགས་ཀྱི་བརྗོད་གཞིར་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
སྤེལ་རེས་ཚོགས་པའི་ཁོངས་མིའི་གྲས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་བཅས་ཀྱི་བོད་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཚུད་ཡོད། སྤེལ་རེས་ཚོགས་པ་དང་མོང་གོལ་རྒྱལ་ཁབ་ཚན་རིག་ཁང་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་སུའོ་ཡིས་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་འབྲེལ། ཚན་རིག་ཁང་དེའི་མཚན་ཉིད་རིག་པ་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་དང་སྤེལ་རེས་བཞུགས་མོལ་བྱས་པ་རེད།
མོང་གོལ་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་གྱིས། སྤེལ་རེས་ཚོགས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། སྤེལ་རེས་དེ་རིགས་ཤེས་དཔལ་སྣ་མང་ལ་བརྩི་འཇོག་དང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་འཛིན་ལ་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཆེན་པོ་ཡོད་པའི་ངོས་འཛིན་བྱས་ཤིང་། མོང་གོལ་རྒྱལ་ཁབ་དང་ཀྲུང་གོ་རི་ཆུ་འབྲེལ་བ་དང་རིག་གནས་གཅིག་མཚུངས་ཡིན་པས། ཀྲུང་གོ་ཕྱོགས་དང་བོད་རིག་པ་སོགས་ཁྱབ་ཁོངས་སུ་གླེང་མོལ་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་ལས་རྣམ་གྲངས་ལ་དཔྱད་བསྡུར་བྱས་ནས། མོང་གོལ་རྒྱལ་ཁབ་དང་ཀྲུང་གོའི་དབར་ཕན་ཚུན་རྒྱུས་མངའ་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།