དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”བཏོན་སྟེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པར་ཁྲིད་སྟོན་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-21

    “སྟོང་ལོའི་ལོ་རྒྱུས་མངའ་བའི་གནའ་གྲོང་ཤིས་ཨན་ནས་མུ་མེད་རྩྭ་ཐང་སྟེང་གི་མུ་ཏིག་སྟར་ལ་བརྒྱུས་འདྲའི་ཨ་སི་ཐ་ནའི་བར་དང་། ཧོང་ཧའེ་རྒྱ་མཚོའི་མཚོ་འགྲམ་ནས་ལི་ཧའེ་མཚེའུའི་ངོགས་ཀྱི་བར། ཐེན་ཧྲན་རི་བོའི་ལྷོ་བྱང་ནས་ཕ་སྨིར་ས་མཐོའི་བར་བཅས་སུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོའི་ཐུན་མོང་ངོས་འཛིན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་སྟེ། མཉམ་ལས་ཀྱི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་པ་དང་མཛའ་གྲོགས་ཀྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་བཀྲག་མདངས་ཆེ་རུ་འགྲོ་བ་རང་ཉིད་ནས་སྤྲོ་བས་མཐོང་བྱུང” ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་རང་བཙན་ཕོ་བྲང་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་གནང་སྟེ། “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”ཀྱི་ནང་དོན་ཟབ་མོར་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བསྐྱོན་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་དངོས་སྒྲུབ་བྱེད་ཐབས་ཁྱབ་བསྒྲགས་གནང་བ་ལས། ཨེ་ཤེ་ཡ་དབུས་མའི་ལས་རིགས་ཁག་གི་མི་སྣའི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཙོ་དོན་གཏམ་བཤད་ནང་བཏོན་གནང་བའི“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”དེས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱ་རྒྱུ་དང་། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་དངོས་སྒྲུབ་མཉམ་ལས་སྔར་ལས་དམ་ཟབ་ཐུབ་ཏེ། ས་ཁུལ་གྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བར་སྔར་བས་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་ཐུབ་ངེས་རེད་ཅེས་བརྗོད་པ་རེད།

    “ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱིས‘ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས’རྒྱུན་ཆད་མེད་པར་ལག་ལེན་བསྟར་བ”

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཙོ་དོན་གཏམ་བཤད་གནང་རིང་ང་ཚོའི་མཉམ་ལས་དེ་ལོ་ངོ་ཉིས་སྟོང་ལྷག་ཙམ་རིང་གི་མཛའ་གྲོགས་འགྲོ་འོང་ཁྲོད་རྩ་བ་ཚུགས་པ་དང་། ཕྱི་འབྲེལ་བཙུགས་ནས་ལོ་30ལྷག་ཙམ་རིང་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཀྱི་ཁྲོད་དུ་སྲ་བརྟན་དུ་ཕྱིན་པ། དུས་རབས་གསར་པ་ཚུན་གྱི་སྒོ་དབྱེ་གཉིས་ཕན་ཁྲོད་འཕེལ་རྒྱས་ཕྱིན་ཡོད། ཡུན་རིང་གི་ལག་ལེན་ཁྲོད་དུ་ང་ཚོས་འཚོལ་ཞིབ་བྱས་པ་བརྒྱུད། “ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་ཕན་འདོགས། ཕན་ཚུན་རོགས་རེས་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི”“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”གྲུབ་ཡོད་ཅེས་ནན་བཤད་གནང་ཡོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི‘ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས’ལ་ང་ཚོས་ཚད་མཐོའི་ངོས་འཛིན་གཅིག་གྱུར་བྱེད་ཀྱི་ཡོད། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱིས‘ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས’རྒྱུན་ཆད་མེད་པར་ལག་ལེན་བསྟར་བཞིན་ཡོད”ཧ་སག་སི་ཐན་གྱི་ཡུལ་སྐོར་དང་ལུས་རྩལ་པུའི་པུའུ་ཀྲང་གཞོན་པ་ཡེར་ཀྲན·ཡེར་ཅིན་པཱ་ཡེ་ཧྥུའུ་ཡིས་གཙོ་བདག་ཕྱི་འབྲེལ་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཧ་སག་སི་ཐན་དང་ཀྲུང་གོ་ཕྱོགས་གཉིས་པོར་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཕན་ཚུན་འབྲེལ་མཐུད་སོགས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། མི་སྣ་འགྲོ་འོང་དང་རིག་གནས་བྱེད་སྒོ་སོགས་མི་ཆོས་རིག་གནས་སྤེལ་རེས་རིམ་པའི་མཉམ་ལས་ཀྱང་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ནས། རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱིས་ཕན་ཚུན་ཤེས་རྟོགས་བྱེད་པར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ཅེས་བརྗོད་པ་རེད།

    “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་པར་སྔར་བྱུང་མྱོང་མེད་པའི་གསོན་ཤུགས་མངོན་པ”

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོས“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”ཁྲིད་སྟོན་དུ་བྱས་ཏེ། སྔར་བས་ཡར་བརྩོན་གྱི་རྣམ་འགྱུར་དང་སྔར་བས་དངོས་སྒྲུབ་ཀྱི་བྱེད་ཐབས་ཐོག་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་འབད་འབུངས་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་བསྟན་གནང་ཡོད།

    ཧ་སག་སི་ཐན་གྱི་ཡོ་རོབ་དང་ཨེ་ཤེ་ཡ་རྒྱལ་སྤྱིའི་ཞིབ་འཇུག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁོ་རི་ལུའོ་ཝ་ཡིས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་ཀྱང་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རྒྱས་དོན་གཉེར་བྱེད་བཞིན་ཡོད། འཕེལ་རྒྱས་ཀྱི་གྲོས་རིམ་མཐུན་པ་དེས་ཕྱོགས་ཁག་གིས་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ཕྱོགས་ཁག་གིས་གྲངས་འཛིན་ཕྱོགས་སྒྱུར་དང་། ལྗང་མདོག་ལག་རྩལ། རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་པའི་མདུན་ལམ་རྒྱ་ཆེན་པོ་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)གྱི་རྒྱལ་ཁོངས་ཏུར་མེན་སི་ཐན་ནས་ཡིན་པའི་དགེ་རྒན་རུའོ་ཧོ་མན་2010ལོ་ནས་བཟུང་ཀྲུང་གོར་སློབ་སྦྱོང་དང་། ལས་དོན། འཚོ་བ་བཅས་སྐྱེལ་འགོ་ཚུགས་ཤིང་། ཁོང་གིས“དཔལ་འབྱོར་ཚོང་དོན་འགྲོ་འོང་དང་། སློབ་གསོ་སྤེལ་རེས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་སུ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དབར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད་ལ། མཛའ་གྲོགས་འབྲེལ་བའང་སྔར་བས་ཟབ་ཏུ་ཕྱིན་པའི་མྱོར་ཚོར་ཟབ་མོ་བྱུང་། སྤུས་ཚད་མཐོ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་པར་སྔར་བྱུང་མྱོང་མེད་པའི་གསོན་ཤུགས་མངོན་གྱི་འདུག”ཅེས་བརྗོད་པ་རེད།

    “ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་དམངས་ཚོགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་པོ་ཐོབ་རྒྱུ་ཡིན་པ”

    ཀྲུའུ་ཞི་ཞི་ཅིན་ཕིང་གི་གཙོ་དོན་གཏམ་བཤད་ནང་དབུ་ཚོགས་སྐབས་དང་པོ་འཚོགས་ཚུན་གྱི་གཡུར་ཟའི་གྲུབ་འབྲས་ལ་ཕྱོགས་སྡོམ་གནང་བ་དང་། མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་དངོས་སྒྲུབ་ཀྱི་བྱེད་ཐབས་ཁྱབ་བསྒྲགས་གནང་ཡོད། ཨེ་ཤེ་ཡ་དབུས་མའི་ལས་རིགས་ཁག་གི་མི་སྣས་སེམས་འགུལ་དང་སྐུལ་མ་ཆེན་པོ་ཐེབས་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    ཁེར་གྷི་སི་ཐན་འཛམ་གླིང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧྲེ་ལ་ཏིར·པ་ཁེ་ཐེ་ཀུའུ་ལུའོ་ཧྥུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཚོང་དོན་ཤར་གཏོང་དང་། ཐོན་ལས་མ་འཇོག ཕན་ཚུན་འབྲེལ་མཐུད། ལྗང་མདོག་གཏེར་རྫས། ཞིང་ལས་དེང་རབས་ཅན། མི་སྣ་འགྲོ་འོང་སོགས་ལ་དམིགས་ཏེ་ཞིབ་ཕྲའི་རྣམ་གྲངས་དེ་བས་མང་བ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་ལས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཁྲོད་དུ་ངོས་འཛིན་གཅིག་མཐུན་བྱུང་བ་དང་ལྷག་པར་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་སྒྲོམ་གཞིའི་ནང་དབུལ་པོ་ཉུང་གཏོང་དང་། སློབ་གསོ་སྤེལ་རེས། ཐང་རྒོད་ཅན་འགོག་བཅོས་བཅས་ཀྱི་མཉམ་ལས་ལྟེ་གནས་ཆེན་པོ་གསུམ་དང་ཚོང་དོན་ཤར་གཏོང་མཉམ་ལས་ལས་སྟེགས་བཙུགས་པ་ལས། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་རྨང་གཞི་གལ་ཆེན་འདིང་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།

    “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་མཛའ་མཐུན་གྲོང་ཁྱེར་ཆ་100ལས་བརྒལ་བས་དེར་མཚོན་རྟགས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཧ་སག་སི་ཐན་གྱི་ཀྲུང་གོའི་ཞིབ་འཇུག་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མའེ་ཀོར་ཅི་ནོ་ཧྥུས་བརྗོད་ཤིང་། ཁོང་གིས་དེས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་རིག་གནས་དང་། སློབ་གསོ། ཡུལ་སྐོར། དེ་བཞིན་གྲོང་ཁྱེར་དོ་དམ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱུན་མཐུད་རང་བཞིན་གྱི་ལས་སྟེགས་མཁོ་འདོན་ཐུབ་ནས་མི་སྣ་འགྲོ་འོང་དང་དམངས་འཚོའི་བདེ་རྩ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།

    (འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨ་སི་ཐ་ན་ནས་ཟླ་6ཚེས་18ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།