རི་མ་ཉིལ་གོང་གི་ཆུ་ཚོད་1ནང་དུད་ཚང་25ཡི་གྲོང་མི་ཚང་མ་བདེ་འཇགས་ངང་སྤོས་ཟིན་པ།
ཟླ་6ཚེས་15ཉིན་གྱི་མཚན་གུང་ཆུ་ཚོད་དང་པོ་ཙམ་ལ། རི་འདབས་སུ་བསྐྲུན་པའི་ཀོང་ཏུང་ཞིང་ཆེན་མའོ་མིང་ཤིན་དབྱི་གྲོང་ཁྱེར་ཀུའེ་ཙེ་གྲོང་རྡལ་ཀྲུང་ཧོ་གྲོང་ཚོར་གློ་བུར་དུ་འཁར་རྔ་དང་སྒྲ་དུང་སོགས་ཀྱི་སྐད་སྒྲ་ཧ་ཅང་ཆེན་པོ་གྲགས་ཡོང་བ་དང་དེ་རྗེས་གྲོང་ཚོའི་ལས་བྱེད་པས་དངངས་འཚབ་ཆེན་པོས་གྲོང་མི་ཚང་མའི་སྒོ་བརྡུངས།
དེ་འཕྲལ་གྲོང་མི་ཚའོ་ཙོ་ཧྥུང་གཉིད་ལས་ཧོབ་སད་བརྒྱབ་སྟེ་ཉལ་ཁྲིའི་སྒང་ལ་ཙོག་ཙོག་བྱས་པ་དང་སེམས་སུ“རྒྱ་མཚོའི་རླུང་འཚུབ་བརྒྱབ་ཚར་ཙམ་རེད། དྲག་ཆར་ཡང་ཉིན་མཚན་གཅིག་བཏང་བས། གནོད་འཚེ་གཞན་དག་འོང་གྲབས་ཡོད་པ་ཤེས་ནས། གྲོང་ཚོས་ཚང་མ་སྤོ་རུ་འཇུག་གི་མེད་དམ”སྙམ། ཁོང་གིས་ཚོད་དཔག་བརྒྱབ་པ་དེ་རང་རེད། ཆུ་ཚོད་24ལས་གནས་བརྟན་སྲུང་བྱེད་མཁན་གྲོང་སྡོད་ཀྱི་གྲོང་རྡལ་ལས་བྱེད་པ་དང་གྲོང་ཚོའི་ལས་བྱེད་པས་ལག་ཏུ་ཉེན་བརྡ་གཏོང་ཆས་དང་། སྒྲ་དུང་ཆེན་པོ། འཁར་རྔ། ཤུ་སོགས་ཁྱེར་ནས་མི་ཚང་ཚང་མའི་སྒོ་རྡུང་བར་བསྐྱོད་དེ་གྲོང་མི་རྣམས་འཕྲལ་དུ་སྤོ་རུ་བཅུག
རྒྱ་མཚོའི་རླུང་འཚུབ“ཕྱེ་ལེབ”ཀྱི་སྒང་ལ་དུས་རླུང་གི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་ཟླ་6ཚེས་13ནས་16ཉིན་བར་མའོ་མིང་གྲོང་ཁྱེར་དུ་ཆར་པ་ཆེན་པོ་བབས་པས། ཡུལ་དེས་ཚེས་13ཉིན་འབྲུབ་འགོག་རླུང་འགོག་གི་རིམ་པ་Ⅱཡི་འཕྲལ་སྡོམ་བརྡ་ལན་ལམ་སྲོལ་ལག་ལེན་བསྟར་ནས་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་གཅིག་ལ་གཅིག་མཐུད་ངང་བཏང་བ་དང་ས་ཆ་ཁག་ལ་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་དགོས་པའི་སྐུལ་སློང་ཡང་བྱས།
ཟླ་6ཚེས་14ཉིན་གྱི་དགོང་མོར་ཀྲུང་ཧོ་གྲོང་ཚོའི་ཏང་ཡོན་དང་གྲོང་ཚོའི་ལས་བྱེད་པ་ལིའུ་མིང་ཧྥང་དང་ལས་རོགས་ཀྱིས་སྦི་ཅི་ལི་ཁྱེར་ཏེ་ཆར་པའི་ཁྲོད་ལེན་ཨར་རང་བྱུང་གྲོང་ཚོར་བསྐྱོད་སའི་ལམ་བུ་ཧ་ཅང་འགྲོ་ཁག་པོར་གྱུར་ཡོད་ནའང་སྔར་བཞིན་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་ཡོད “ཕལ་ཆེར་མཚན་གུང་གི་ཆུ་ཚོད་བཅུ་གཉིས་ཙམ་ལ་ང་གྲོང་ཚོའི་ལམ་བུའི་ཀྱོག་མཚམས་སུ་སླེབས་སྐབས་ཆུའི་མདོག་ཁ་དུས་རྒྱུན་དང་འདྲ་ཡི་མེད་པ་མཐོང་བྱུང་། ནམ་རྒྱུན་དྲག་ཆར་འབབ་སྐབས་ཆུ་དེ་ཙམ་ཉོག་པོ་མེད། འོན་ཀྱང་དགོང་མོ་དེར་ཆུ་རྦད་དེ་ཉོག་པོ་རེད་འདུག་ལ་ད་དུང་རྡོ་ཧྲུག་ཀྱང་མང་པོ་འདུག”
ལིའུ་མིང་ཧྥང་གིས་དེ་འཕྲལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚའོ་མུའུ་ཧྲེང་ལ་ཁ་པར་བརྒྱབ་ཅིང་། ཁ་པར་འབྱོར་མ་ཐག་གྲོང་སྡོད་ལས་བྱེད་པ་དང་ཀུའེ་ཙེ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ལིའུ་ཁྲུན་ཧྭ་དང་ཚའོ་མུའུ་ཧྲེང་མཉམ་དུ་དེ་གར་འོང་། དེ་དུས་ཤུགས་དྲག་ཆེ་བའི་ཆུ་ཉོག་རྐང་པའི་ཚིག་རྡོག་མཚམས་ལ་སླེབས་ཟིན་པས། ལིའུ་ཁྲུན་ཧྭ་ཡིས་དེ་འཕྲལ“རི་ཉིལ་བའི་ཉེན་ཁ་ཆེན་པོ་འདུག མང་ཚོགས་ལམ་སེང་སྤོས་ན་མ་གཏོགས་ཡོང་གི་མ་རེད”ཅེས་ཚིག་ཐག་ཆོད་པོས་བཤད།
གྲོང་རྡལ་གསུམ་འགོག་གཞུང་ལས་ཁང་ལ་གནས་ཚུལ་སྙན་སེང་ཞུས་རྗེས། མཚན་གུང་གི་ཆུ་ཚོད་དང་པོའི་གཡས་གཡོན་ལ་ཆར་པ་ཆེན་པོའི་ཁྲོད་དུ་ཛ་དྲག་གནས་སྤོ་བྱེད་འགོ་ཚུགས། སྒྲ་དུང་ཆེན་པོའི་ནང་ནས་དངངས་འཚབ་ཆེན་པོས“མི་ཚང་མ་ད་ལྟ་ལམ་སེང་ཕྱི་ལ་དོན་དགོས། ཅ་ལག་གང་ཡང་འཁྱེར་དགོས་མ་རེད”ཅེས་བཤད་པ་དང་། རེ་ཞིག་གྲོང་ཚོ་ཡོངས་ལ་ལག་ཁྱེར་ཉེན་བརྡ་གཏོང་ཆས་དང་ཤུ་ཡི་སྒྲས་ཁེངས།
ལོ་བདུན་ཅུ་ལྷག་ཙམ་ལ་སླེབས་པའི་གྲོང་མི་ཚའོ་ཝེ་ཀོང་སྒོ་རྡུང་བའི་སྒྲ་ཡིས་གཉིད་འདྲོག་པས། སྒོ་ཕྱེ་ནས་ལྟ་སྐབས། ལུས་ཡོངས་ཆར་པས་འབོངས་བའི་གཞོན་ནུ་ཞིག་གིས་ཆར་པའི་ཁྲོད་ནས་ཁོང་ལ“སྤོ་བོ་ལགས། མགྱོགས་པོ་ང་དང་མཉམ་དུ་ཕེབས་ཤོག”ཅེས་སྐད་ཆའི་མཇུག་མ་འགྲིལ་གོང་ཁོང་གི་ལག་ནས་འཐེན་ཏེ་ཕྱི་ལ་ཤོར། ཚའོ་ཝེ་ཀོང་གི་ཟླ་བོ་དང་ཚ་མོ་ལས་བྱེད་པ་གཞན་དག་གིས་བསྐྱོར་ནས་ཁྲིད་པས་ནང་མི་ཚང་མ་བདེ་འཇགས་ངང་བཀོད་སྒྲིག་བྱ་ཡུལ་དུ་འབྱོར།
ཚང་མས་ཆུ་ཚོད་གཉིས་ཙམ་དཀའ་ལས་ཆེན་པོ་བརྒྱབ་པ་བརྒྱུད། ཐོ་རེངས་ཀྱི་ཆུ་ཚོད་3པའི་ཡས་མས་ལ་ལེན་དབྱི་དང་། ལེན་ཨར། ཐེན་ལའོ་བཅས་རང་བྱུང་གྲོང་ཚོ་3གྱི་དུད་ཚང་25ཡི་མང་ཚོགས་57ཚང་མ་བདེ་འཇགས་ངང་ཀྲུང་ཧོ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་བཀོད་སྒྲིག་བྱ་ཡུལ་དུ་འབྱོར། བཀོད་སྒྲིག་བྱས་ཟིན་མ་ཐག་གི་ཐོ་རེངས་ཆུ་ཚོད་4པ་ཙམ་ལ། ལྡིར་སྒྲ་ཆེན་པོ་ཞིག་དང་མཉམ་དུ་དྲག་ཆར་གྱིས་རྦད་དེ་འཚོས་པའི་རི་གློ་བུར་དུ་ཉིལ་བ་དང་། རི་འདབས་ཀྱི་ཀྲུང་ཧོ་གྲོང་ཚོའི་ཁང་པ་མང་པོ་ཞིག་དེ་མ་ཉིད་དུ་འདམ་རྡོའི་ཆུ་རུད་ཀྱིས་མནན།
རིགས་གཅིག་མཁས་ཅན་གྱིས་ཚོད་སྐོར་རགས་ཙམ་བྱས་པར་གཞིགས་ན། ད་རེས་ཀྱི་རི་ཉིལ་བའི་ཁྲོད་ས་རྡོ་སྨི་རྒྱ་དཔངས་གྲུ་བཞི་5000ལྷག་ཙམ་ཟགས་ཡོད་པ་དང་ཁང་པ་35ལ་གཏོར་སྐྱོན་ཕོག་ཡོད་ཀྱང་། མི་སྣ་དུས་ཐོག་ཏུ་གནས་སྤོ་བྱས་པས་འཆི་རྨས་ཀྱི་གནས་ཚུལ་གཅིག་ཀྱང་ཐོན་མེད།
ལིའུ་མིང་ཧྥང་གིས། ཛ་དྲག་ཆེ་བའི་དམག་འཐབ་དྲག་པོ་འདིའི་ནང་གནམ་གཤིས་སྔོན་བརྡ་དང་འཕྲལ་སྡོམ་མཉམ་འགུལ་གྱི་ནུས་པ་བཏོན་ཡོད་ལ། གཞི་རིམ་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་སེམས་བཅངས་པ་དང་དཀའ་སྤྱད་ཀྱི་རྔུལ་ཆུ་དེ་བས་ཀྱང་བཏོན་ཡོད། མ་གཞི་ཛ་དྲག་གནས་སྤོར་ཆུ་ཚོད་གཉིས་ལས་འགོར་མེད་ནའང་། རྒྱ་མཚོའི་རླུང་འཚུབ“ཕྱེ་ལེབ”ལ་འགོག་རྒོལ་བྱེད་པ་དང་ས་གཤིས་ཀྱི་གནོད་འཚེའི་སྐོར་ཞིབ་བྱེད་འགོ་བཙུགས་པ་ནས་བརྩིས་ན་ང་ཚོའི་ཏང་ཡོན་ལས་བྱེད་པས་ཆུ་ཚོད་30ལྷག་ཙམ་རིང་བྲེལ་བརྩོན་ཆེན་པོས་ལས་ཀ་བྱས་ཏེ་ངལ་གསོ་གཏན་ནས་བརྒྱབ་མེད་ཅེས་བཤད།