སྲིད་ཇུས་ལག་ལེན་བསྟར་བར་ཕན་འབྲས་ཐོན། ཁེ་ལས་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་བསྣན།
—— རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས“གསར་གཉིས”སྲིད་ཇུས་ཀྱི་ཕན་ནུས་རྒྱུན་མཐུད་འདོན་པར་རམ་འདེགས་བྱས་པའི་སྐོར་བཀོད་པ།
ད་ལོ་ནས་བཟུང་། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་རྒྱབ་སྐྱོར་མ་དངུལ་ཆེས་ཆེར་འཕར་བ་དང་། རྒྱབ་སྐྱོར་གྱི་རིགས་དང་ཁ་གསབ་ཀྱི་ཁྱབ་ཁོངས་སྔར་བས་ཆེ་རུ་སོང་བས་གྲོང་མི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། གནས་ཐང་འཕར་ཁྲལ་གྱི་བཙོང་འཛིན་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི“གསར་གཉིས”སྲིད་ཇུས་དང་འབྲེལ་བའི་ཁྲལ་བསྡུའི་གཟིགས་སྐྱོང་ཆག་ཡང་དང་རྩ་ཆག་དངུལ་འབོར་སྒོར་ཁྲི་3240ཟིན་ནས་ལྗོངས་ཡོངས་ཀྱི་སྒྲིག་ཆས་རིགས་ཉོ་སྒྲུབ་བྱེད་ཚད་6.5%འཕར་བར་སྐུལ་ཁྲིད་བྱས་པ་དང་། རླངས་འཁོར་དང་། སྦག་སྦག ཁྱིམ་སྤྱོད་གློག་ཆས་སོགས་སྤྱོད་ཤན་ཆེ་བའི་འཛད་ཟོག་སིལ་ཚོང་གི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་54.1%འཕར་ཡོད་པ་རེད།
མང་འདུས་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”གི་སྐུལ་འདེད་འོག་ལྗོངས་ཡོངས་ཀྱི་ཁེ་ལས་སྣ་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་སྒྲིག་ཆས་གསར་སྒྱུར་གྱིས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་བ་དང་ཁེ་ལས་ལ་ལག་རྩལ་གསར་བརྗེ་དང་ཐོན་ལས་རིམ་སྤོར་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཞིང་། སྤུས་ཚད་མཐོན་པོས“གསར་གཉིས”སྲིད་ཇུས་ལག་ལེན་བསྟར་བར་ཕན་འབྲས་ཐོན་ཆེད། རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཁེ་ལས་ཀྱི་དགོས་མཁོར་དམིགས་ནས་རང་འགུལ་ངང་མདུན་ཕྱོགས་སུ་བསྐྱོད་དེ་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་རང་སོའི་ཁྱད་ཆོས་ལྡན་པའི་ཁྲལ་རིན་སྲིད་ཇུས་ཀྱི་ཟུར་ཁྲིད་ཞབས་ཞུ་བྱས་ཏེ་སྲིད་ཇུས་དོན་འཁྱོལ་གྱི“གནད་སྨིན་ཐིགས་ཆུ་གཏོང་བ”མངོན་འགྱུར་བྱུང་ཡོད། ད་ལོའི་དུས་ཚིགས་དང་པོར། རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཏེ་ཁྲལ་རིན་སྒོར་ཁྲི་664ཆག་ཡང་དང་རྩ་ཆག་བཏང་བ་མ་ཟད། ཉོ་སྒྲུབ་སྒྲིག་ཆས་རིགས་ཀྱི་དཔྱ་ཁྲལ་དང་འབྲེལ་བའི་གཉེར་སྐྱོང་བྱེད་པོ་དུད་ཚང་6.7%འཕར་ཡོད།
“ལོ་མང་རིང་། ང་ཚོའི་ཁེ་ལས་ཀྱིས་གཙོ་བོ་རྒུན་ཆང་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། ཐོན་རྫས་ཀྱི་སྤུས་ཚད་ལ་མཚོན་ན་ཐོན་སྐྱེད་སྒྲིག་ཆས་ནི་གལ་འགངས་ཆེན་པོ་ཡིན། ད་ལོ་ཁེ་ལས་ཀྱིས་གསར་སྒྱུར་བྱས་ནས་ཞིབ་འཐག་འཕྲུལ་འཁོར་དང་། འཁྲོལ་ཚགས། ཕབ་སྙལ་ལྕགས་ཀྲིན་སོགས་ཀྱི་སྒྲིག་ཆས་ཉོས་ཡོད། སྲིད་ཇུས་ཀྱི་ཁེ་སྤོགས་ལ་བརྟེན་ནས་ཀུང་སིས་གནས་ཐང་འཕར་ཁྲལ་ཉར་འཇོག་ཁྲལ་སློག་དང་ཞིབ་སྤེལ་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་སོགས་ཀྱི་གཟིགས་སྐྱོང་མང་པོ་ལོངས་སུ་སྤྱད་ནས་མ་དངུལ་གྱི་གནོན་ཤུགས་ནུས་ལྡན་བསལ་ཡོད”ཅེས་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཆོས་མཚོས་བཤད།
2025ལོར་རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་དང་འབྲེལ་བ་ཡོད་པའི་འཛད་སྤྱོད་ཁྱབ་ཁོངས་ལ་དམིགས་པ་དང་། ཁྲལ་བསྡུའི་གྲངས་གཞི་ཆེན་པོར་བརྟེན་ནས་གཟིགས་སྐྱོང་སྲིད་ཇུས་སྤྱོད་འཐུས་ཀྱི་ཁྲལ་འཇལ་མཁན་དང་འཚམ་སྒྲིག་བྱས་ཏེ་ཁྲལ་རིན་སྲིད་ཇུས་གནད་སྨིན་ཁྱབ་གདལ་བཏང་བ་མ་ཟད། སྲིད་གཞུང་གི་ཁ་གསབ་ཀྱི་ཁྲལ་འབྲེལ་དོགས་གནད་སྐོར་ལ་ལན་ཞིབ་ཕྲ་ཡང་བཏབ་པ་དང་། ཁ་ཆད་ཞབས་ཞུ་དང་། ཐོགས་མེད་འགྲོ་ལམ། དུས་སྣུར་ཞབས་ཞུ་སོགས་དམངས་ཕན་བྱ་ཐབས་མང་པོ་བཏོན་ཏེ། “གསར་གཉིས”སྲིད་ཇུས་བདེ་བླག་ངང་ལག་བསྟར་བྱེད་པར་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་ཡོད།
འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱིས་ཡུལ་མིའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱས་ཤིང་། ད་ལོའི་དུས་ཚིགས་དང་པོར་བོད་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་བརྒྱུད་སྒོར་ཁྲི་2576ཆག་ཡང་དང་རྩ་ཆག་བཏང་བ་དང་། ཁྱིམ་སྤྱོད་གློག་ཆས་ཀྱི་འཛད་སྤྱོད་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཅིང་། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་ཕན་འབྲས་མངོན་ནས་ནང་མཁོའི་སྒུལ་ཤུགས་རྒྱུན་མཐུད་འདོན་སྤེལ་བྱས་པ་རེད།
“ད་ལོ་ནས་བཟུང་། ང་ཚོས་ཁྱིམ་སྤྱོད་གློག་ཆས་རྙིང་པ་50ལྷག་ཙམ་ཚུར་བསྡུ་བྱས་པ་དང་ཁྱིམ་སྤྱོད་གློག་ཆས་གསར་པ་བརྒྱ་ཙམ་བཙོངས་ཏེ་དུས་ཚིགས་དང་པོའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་70ཟིན་ཡོད། བཙོངས་མང་ན་བཙོང་འཛིན་གྱི་དགོས་མཁོ་ཆེ་མོད། འོན་ཀྱང་བཙོང་འཛིན་སྤྲོད་པའི་ལས་སྒོར་བྱང་ཆ་མེད་པས། རྗེས་ལུས་གང་ཙམ་ཐེབས་ཀྱི་འདུག”ཅེས་བཞད་མཐོང་སྨོན་རྫོང་ཧའེ་ཨེར་ཆེད་ཚོང་ཁང་གི་འགན་འཁུར་བ་མཱ་ཞུའེ་ཅུན་གྱིས་བརྗོད། ཚོང་དུད་ཀྱི་གནད་དོན་དེ་རིགས་ཐག་གཅོད་བྱ་ཆེད། བཞད་མཐོང་སྨོན་རྫོང་གི་ཁྲལ་དོན་ལས་བྱེད་པས“རྣག་ཐོག་གཙག་འཁེལ”ཡོང་བར་བྱས་ནས་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་དུ་བསྐྱོད་དེ་ཚོང་དུད་ལ“གསར་གཉིས”དང་འབྲེལ་བ་ཡོད་པའི་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ཁོང་དུ་ཆུད་པར་མཛུབ་ཁྲིད་བྱས་པ་དང་། ཁྲལ་འཇལ་མཁན་ལ་བཙོང་འཛིན་ཚད་ལྡན་སྤྲོད་རྒྱུར་མཛུབ་ཁྲིད་བྱས་པ་རེད། རྙིང་པ་གསར་པར་བརྗེ་བའི་གཉེར་སྐྱོང་བྱེད་པོར་དམིགས་ནས“ཁྲལ་བསྡུའི་ཐོགས་མེད་འགྲོ་ལམ”དང“དུས་སྣུར་ཁྲལ་གཉེར”སོགས་ཀྱི་ཞབས་འདེགས་ཞུས་ཏེ། གནད་དོན་ཡོད་ན་དུས་ཐོག་ཏུ་ཐག་གཅོད་དང་དགོས་མཁོ་ཡོད་ན་དུས་ཐོག་ཏུ་ལན་འདེབས་ཐུབ་པར་བྱས་ཡོད།
“གོམ་སྟབས་རྗེས་མར། ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་དང་ཁྲལ་འཇལ་ཞབས་ཞུ་ལེགས་སུ་བཏང་སྟེ། ‘གསར་གཉིས’སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་མཐུད་འདོན་རྒྱུར་རམ་འདེགས་ཀྱིས་འཛད་སྤྱོད་ཁྲོམ་རའི་གདེང་ཚོད་ཆེ་རུ་གཏོང་གི་ཡིན”ཞེས་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད་པ་རེད།