ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱི་གློག་བརྙན་སྟོན་མཁན་རྙིང་པ་རིག་འཛིན་ཕུན་ཚོགས།
བརྙན་རས་དཀར་པོ་གྲུ་བཞི་ནས། མཐའ་མཚམས་འགྱུར་ལྡོག་ལྷམ་མེར་གསལ།
འདི་ནི་བགྲེས་སོང་རིག་འཛིན་ཕུན་ཚོགས་ཀྱིས་ད་ཆའི་གྲངས་འཛིན་གློག་བརྙན་སྟོན་ཆས་ལ་རྒྱུས་ལོན་བྱེད་བཞིན་པ།
འདི་ནི་རིག་འཛིན་ཕུན་ཚོགས་ལོ་ཆུང་དུས་ཧའོ་སྨི་16བྱས་པའི“ཁྲང་ཅང”རྟགས་ཅན་གྱི་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་སྤྱད་དེ་འཛེ་ཐར་གྲོང་ཚོར་གློག་བརྙན་སྟོན་བཞིན་པ།
གློག་བརྙན་བསྟན་ནས་ལོ་33སོང་བའི་རྫ་ཡུལ་རྫོང་གི་གློག་བརྙན་སྟོན་མཁན་རྙིང་པ་རིག་འཛིན་ཕུན་ཚོགས་ཀྱིས་དུས་རབས་གོང་མའི་ལོ་རབས་70ཡི་སྤྱིན་ཤོག་རྙིང་པ་ནས་ད་ཆའི་དེང་རབས་ཅན་གྱི་གློག་བརྙན་ཁང་གི་འགྱུར་ལྡོག་ལས་གངས་ལྗོངས་ས་མཐོའི་མཐའ་མཚམས་ཀྱི་གློག་བརྙན་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་མྱུར་པོ་ཕྱིན་པ་མིག་མཐོང་ལག་ཟིན་བྱུང་ཡོད། གློག་བརྙན་སྟོན་ཆས་བརྗེ་པོ་བརྒྱབ་པའི་བརྙན་རིས་དེ་ལས་དུས་རབས་འཕོ་འགྱུར་འགྲོ་བའི་རླབས་རྒྱུན་ཆེན་པོ་གསལ་ལེར་འཆར་འོང་།
སྤྱིན་ཤོག་ནང་གི་གློག་བརྙན་རྙིང་པ། ཐག་རིང་གྲོང་གསེབ་འཁྲུག་ཆ་དོད་པོར་གྱུར་པའི་མིག་ཡིད་རྣ་བའི་དགའ་སྟོན།
1972ལོར་ལོ་30སླེབས་པའི་རིག་འཛིན་ཕུན་ཚོགས་ཀྱིས་རྫ་ཡུལ་རྫོང་དང་ཆབ་མདོ་ས་ཁུལ་དུ་ཟླ་3རིང་གསོ་སྦྱོང་ལ་ཞུགས་རྗེས་གློག་བརྙན་སྟོན་སྟངས་ཤེས། ཕ་ཡུལ་དུ་ལོག་རྗེས་འགྲོ་བ་དགོན་ཀུང་ཧྲེའི(ད་ཆའི་འགྲོ་བ་དགོན་གྲོང་རྡལ་ཡིན)གློག་བརྙན་སྟོན་མཁན་ལ་གྱུར།
སྐབས་དེ་དུས་ཕྱི་རོལ་དུ་གློག་བརྙན་སྟོན་པ་ཧ་ཅང་ཉུང་ཉུང་ཡིན་པ་དང་། དེ་ནི་བོད་ཀྱི་གྲོང་གསེབ་ཁུལ་གྱི་དར་སོ་ཆེ་ཤོས་དང་ཆེས་ཐོབ་པར་དཀའ་བའི་རིག་གནས་རོལ་རྩེད་ཀྱི་གོ་སྐབས་ཤིག་རེད།
གློག་བརྙན་སྟོན་པར་འགྲོ་རིམ་བཞིན། རིག་འཛིན་ཕུན་ཚོགས་གྲོང་ཚོའི་ནང་མ་སླེབས་གོང་ནས་གྲོང་མི་ཚོས་བསུ་བར་ཡོང་ནས་འཕྲུལ་ཆས་འདེགས་རོགས་དང་། རྡོག་ཁྲེས་དབོར་རོགས། བརྙན་རས་འགེལ་རོགས་སོགས་བྱེད་ཀྱི་ཡོད་ལ། ད་དུང་ཁོང་ལ་རྩམ་པ་དང་ཇ་སྲུབས་མའང་སྐྱེལ་གྱི་ཡོད།
“གློག་བརྙན་བསྟན་ཚར་ནའང་ཚང་མས་ད་དུང་ཁྱིམ་དུ་ལོག་འདོད་བྱེད་ཀྱི་མེད། གྲོང་མི་འགའ་ཤས་ཀྱིས་ཀུ་རེའི་ཚུལ་དུ་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་མ་གློད་པར་ཡང་བསྐྱར་སྟོན་པའི་ཞུ་བ་འཐེན་གྱི་ཡོད། ཁོང་ཚོས་ལྟ་འདོད་བྱེད་ལ་ང་རང་ཡང་བསྟན་འདོད་ཡོད་པས་མང་ཤོས་སྐབས་ཉིན་མ་གཅིག་ལ་བསྟུད་མར་གློག་བརྙན་ཐེངས་བཞི་སྟོན་གྱི་ཡོད”ཅེས་རིག་འཛིན་ཕུན་ཚོགས་ཀྱིས་དྲན་གསོ་བྱེད་བཞིན་བཤད།
རིག་གནས་རོལ་རྩེད་དཀོན་པའི་ལོ་རབས་སུ་གློག་བརྙན་ལྟ་བ་ནི་དོན་ཆེན་ཞིག་ཡིན་ཞིང་། རབ་རིབ་ཡམ་ཡོམ་གྱི་སྤྱིན་ཤོག་གློག་བརྙན་ནང་དུ་མང་ཚོགས་ཚོའི་རེ་སྒུག་ཆེ་ཤོས་དང་བབ་ཆགས་ཤོས་ཀྱི་སྤྲོ་སྣང་འདུས་ཡོད།
“གློག་བརྙན་སྟོན་མཁན་ཡོང་རིམ་བཞིན་གྲོང་ཚོ་ཚང་མ་འཁྲུག་ཏུ་འགྲོ་ཡི་རེད”ཅེས་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དགའ་པ་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་ཚུལ་ཁྲིམས་ཀྱིས་བཤད་པ་དང་། ཁོང་ནི་རིག་འཛིན་ཕུན་ཚོགས་ཀྱིས་བསྟན་པའི་གློག་བརྙན་བལྟས་ནས་འཚར་ལོངས་བྱུང་བ་ཞིག་རེད། ཁོང་གིས། གློག་བརྙན་བསྟན་རིམ་བཞིན་གློག་བརྙན་སྟོན་སར་ཧ་ཅང་འཁྲུག་པོ་ཡོད། ས་མ་རུབ་གོང་ནས་སྒོ་རའི་ནང་མི་ཚོགས་ཀྱིས་ཁེངས་པ་དང་། ཚང་མས་སྡོད་ས་མདུན་ཤོས་དེར་ཧབ་ཐོབ་རྒྱག་གྱི་ཡོད། གྲོང་ཚོ་གཞན་དག་གི་མིའང་སྤྱི་ལེ་བཅུ་གྲངས་འགའ་ཤས་ས་ནས་གློག་བརྙན་ལྟ་བར་ཡོང་གི་རེད། མི་སེར་ཚོའི་ངོས་ནས་བཤད་ན་གློག་བརྙན་ཐེངས་གཅིག་ལྟ་ཐུབ་པ་དེ་ནི་བདེ་སྐྱིད་ཆེ་ཤོས་ཤིག་རེད་ཅེས་བཤད།
གློག་བརྙན་བསྟན་པའི་ཤུལ་ལམ་རིང་མོ། དཀའ་ཚེགས་ཆེ་བའི་ལོ་ཟླའི་མདུན་སྐྱོད་དང་ལྟ་སྐྱོང་།
1972ལོ་ནས་2005ལོ་བར་ལོ་ལྟར་ཉུང་མཐར་ཡང་གློག་བརྙན་ཐེངས་350བསྟན་པ་དང་། ལོ་33རིང་ཁྱོན་བསྡོམས་གློག་བརྙན་ཐེངས་12000བསྟན་ཡོད། གྲངས་ཀ་དེ་དག་འབོར་ཆེན་པོ་དེ་ཙམ་མིན་ནའང་རིག་འཛིན་ཕུན་ཚོགས་ཀྱི་མི་ཚེ་ཕྱེད་ཀའི་སྙིང་རུས་དང་བརྟན་སྲུང་འདུས་ཡོད།
དཀའ་ཚེགས་ཆེ་བའི་ལོ་རབས་དེའི་ནང་གློག་བརྙན་སྟོན་མཁན་ནི་མང་ཚོགས་ཀྱི་བརྩི་བཀུར་དང་དགའ་བསུ་ཐོབ་པའི་ལས་ཀ་ཡག་པོ་ཞིག་རེད་ལ། ལོ་འཁོར་མོར་རི་ཀླུང་བརྒལ་ནས་འགྲོ་དགོས་པའི་ལས་ཀ་ཁག་པོ་ཞིག་ཀྱང་རེད།
སྐབས་དེ་དུས་རིག་འཛིན་ཕུན་ཚོགས་ཀྱིས་འགྲོ་བ་དགོན་ཀུང་ཧྲིའི་གྲོང་ཚོ་16ལ་གློག་བརྙན་སྟོན་པའི་འགན་འཁུར་གྱི་ཡོད་པས། ལོ་འཁོར་མོར་གྲོང་ཚོ་དེ་དག་ཏུ་ཕར་འགྲོ་ཚུར་འོང་བྱེད་པར་ཟད་ཀྱི་ཡོད། གྲོང་ཚོའི་ནང་གློག་མེད་པས་སོ་སོས་གློག་གཏོང་འཕྲུལ་འཁོར་འཁྱེར་དགོས་པ་དང་། ལམ་ནི་འཕྲང་ལམ་ཡིན་པས་རྟ་བཞོན་པའམ་རྐང་ཐང་མར་སྐྱོད་དགོས། གལ་ཏེ་གྲོང་ཚོ་གཅིག་ཏུ་གློག་བརྙན་ཉིན་མང་པོ་སྟོན་དགོས་ན་དེ་གར་ཞག་སྡོད་བྱེད་དགོས་པ་མ་ཟད། ལྟོ་ཆས་དང་ཉལ་ཆས་ཡན་ཆད་ནས་སོ་སོས་འཁྱེར་དགོས། བརྙན་རས་འགེལ་སའི་དབྱུག་པ་མེད་དུས་གྲོང་ཚོའི་ནང་གི་ཤིང་བཅད་ནས་ཚབ་བྱེད་དགོས། ཆར་པ་དང་གངས་འབབ་སྐབས་རང་ཉིད་རློན་རྐྱང་ཆགས་རུང་སྒྲིག་ཆས་ཚང་མ་ལེགས་པར་བཏུམས་ནས་ཆར་ཆུས་མི་བརླན་པ་བྱེད་དགོས། གྲོང་ཚོར་འབྱོར་རྗེས་ཉིན་གུང་འཕྲུལ་འཁོར་ལ་ཕྱིས་བརྡར་དང་སྒྲིག་ཆས་ལ་ཞིབ་བཤེར་སོགས་བྱེད་ཞོར་དུ་མང་ཚོགས་ལ་ལས་ཀ་བྱེད་རོགས་བྱེད་པ། དགོང་མོ་གློག་བརྙན་སྟོན་སར་བསྡུ་གསོག་བརྒྱབ་རྗེས་མཚན་གང་གློག་བརྙན་སྟོན་ཆས་བསྲུངས་ནས་སྡོད་དགོས་པ་ལ་སོགས་གློག་བརྙན་སྟོན་རིམ་བཞིན་ལས་ཀ་ཙག་ཙིག་རྫོགས་རྒྱུ་མེད་རུང་ཁོང་གིས་དེ་ལྟར་རྒྱུན་བསྐྱངས་ཡོད།
གློག་བརྙན་བསྟན་པའི་མྱོང་བ་གླེང་སྐབས། རྒད་པོའི་མཆུ་སྒྲོས་རང་དབང་མེད་པར་འདར་འཁྲུག་འཁྲུག་བྱེད་ཀྱང་ཁོང་གི་སེམས་གཏིང་ནས་དེ་དོན་ལ་འགྱོད་པ་སྤུ་ཙམ་ཡང་སྐྱེ་ཡི་མེད།
རིག་འཛིན་ཕུན་ཚོགས་ཀྱིས“གློག་བརྙན་སྟོན་མཁན་བྱས་པ་ནས་བཟུང་། ལོ་བཅུ་གྲངས་འདིའི་ནང་ངས་ཧུར་ཐག་འབད་ཐག་གིས་གློག་བརྙན་སྟོན་མཁན་ཡག་པོ་ཞིག་བྱས་པ་ཡིན། མ་གཞི་དཀའ་ལས་ཆེ་རུང་ལམ་འདི་བདམས་ཟིན་པའི་རྗེས་ལ་ངེས་པར་དུ་ལས་ཀ་ཡག་པོ་བྱེད་དགོས་པ་ཨ་ཅང་བརྗོད་མེད་རེད་ལ། མང་ཚོགས་ཀྱི་རེ་སྒུག་ཆུད་ཟོས་སུ་གཏོང་མི་རུང”ཞེས་བཤད།
གློག་བརྙན་གྱི་དུས་རབས་གསར་པ། རིག་གནས་མཆོངས་སྐྱོད་ལས་མངོན་པའི་འཕོ་འགྱུར་ཆེན་པོ།
“སྐབས་དེ་དུས་ང་དང་མཉམ་དུ་གློག་བརྙན་སྟོན་པའི་ལག་རྩལ་སྦྱོང་མཁན་གྲས་ནས་ང་ལ་མ་གཏོགས་མཐོ་རིམ་རྩལ་ནུས་ལག་ཁྱེར་རག་མེད། ཧའོ་སྨི་16དང་ཧའོ་སྨི་35སོགས་གློག་བརྙན་སྟོན་ཆས་མི་འདྲ་བ་གཙོ་ཆེ་བ་4ཡོད་པ་ཚང་མ་ངས་བེད་སྤྱོད་གཏོང་ཤེས་ཀྱི་ཡོད། ལོ་དེ་དག་ནང་ཁྱོན་བསྡོམས་གློག་བརྙན་བརྒྱ་གྲངས་ལྷག་ཙམ་བསྟན་འདུག”ཅེས་ཁོང་གིས་བརྗོད་ཅིང་། སྤྱིན་ཤོག་དུས་རབས་སྐོར་གླེང་སྐབས་རིག་འཛིན་ཕུན་ཚོགས་ལ་གཞན་ལ་མེད་པའི་སྤོབས་སེམས་ཆེན་པོ་ལྡན་ཡོད་པ་རེད།
2005ལོར་རྒན་ཡོལ་མ་ཞུས་གོང་རིག་འཛིན་ཕུན་ཚོགས་ལ་གྲངས་འཛིན་གློག་བརྙན་སྟོན་ཆས་སྤྱོད་རྒྱུ་བྱུང་ཞིང་། ཁོང་གིས“ད་ཆ་གྲོང་གསེབ་ཏུ་གྲངས་འཛིན་འཕྲུལ་འཁོར་སྤྱད་ནས་གློག་བརྙན་ལྟ་ཡི་འདུག སྔོན་མ་དང་མི་འདྲ་བར་བེད་སྤྱོད་གཏོང་བདེ་པོ་འདུག སྔོན་མ་ཡིན་ན་སྤྱིན་ཤོག་བླུགས་སྒམ་ཧ་ཅང་ལྕི་བའི་སྒང་ལ་ད་དུང་སྤྱིན་ཤོག་འཕྲུལ་འཁོར་ལ་བསྒར་བ་དང་ལྡོག་དཀྲིས་རྒྱག་པ་སོགས་བྱེད་དགོས་པས་རྙོག་དྲ་ཚ་པོ་ཡོད། ད་ཆ་གྲངས་འཛིན་འཕྲུལ་འཁོར་དེ་ཧ་ཅང་ཡང་པོ་ཡོད་ལ་གློག་བརྙན་གྱི་ནང་དོན་ཚང་མ་འོད་སྡེར་ཆུང་ཆུང་ཞིག་ནང་ཡོད་པ་མ་ཟད། སྣང་བརྙན་གསལ་ལ་གློག་བརྙན་སྣ་ཁའང་མང་པོ་འདུག”ཅེས་མྱོང་བ་ཟབ་མོས་བཤད།
གཞན་ཡང་ད་དུང་བོད་ཀྱི་མཐའ་མཚམས་གྲོང་ཁྱེར་ཆུང་ངུར་ཡང་དེང་རབས་ཅན་གྱི་གློག་བརྙན་ཁང་བཙུགས་ཤིང་། 2018ལོར་རྫ་ཡུལ་རྫོང་གི་གྲངས་འཛིན་གློག་བརྙན་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པས། མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་རྩ་ནས་གྲོང་ཁྱེར་ཆེན་པོ་དང་འདྲ་བར་རྒྱལ་ཕྱི་རྒྱལ་ནང་གི་གློག་བརྙན་སྣ་ཚོགས་ལྟ་ཐུབ་ཀྱི་ཡོད། 2023ལོ་དང་2024ལོར་གློག་བརྙན་ཁང་དེ་ལོ་གཉིས་བསྟུད་མར་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་གློག་བརྙན་སྤ་སེ་འཚོང་ཚད་ཨང་དང་པོར་སླེབས་ནས་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་འཚོ་བར་བཀྲག་མདངས་སྣོན་མཁན་གྱི་སྐར་འོད་ལྟ་བུར་གྱུར་ཡོད།
“ད་ཆ་གློག་བརྙན་ཁང་གི་སྒྲིག་ཆས་དཔེ་ཡག་པོ་འདུག གློག་བརྙན་ལྟ་བ་དེ་ངོ་མ་ལོངས་སྤྱོད་ཅིག་རང་རེད། སྔོན་མ་འདི་འདྲ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་གྲངས་འཛིན་གློག་བརྙན་ཁང་དུ་གློག་བརྙན་བལྟས་རྗེས་རིག་འཛིན་ཕུན་ཚོགས་ཧང་སངས་པ་དང་བཅས་དེ་ལྟར་བཤད།
ལོ་རབས་70པའི་ཚོན་ཁྲ་མེད་པའི་གློག་བརྙན་ནས་ལོ་རབས་80པའི་དུས་མཇུག་གི་ཚོན་ཁྲ་ཅན་གྱི་གློག་བརྙན་བར་དང་དེ་ནས་ད་ཆའི་3Dགློག་བརྙན་བར། སྤྱིན་ཤོག་གློག་བརྙན་ནས་གྲངས་འཛིན་གློག་བརྙན་བར་དང་། ཁང་ཕྱིའི་གློག་བརྙན་ནས་ཁང་ནང་གི་དེང་རབས་ཅན་གྱི་གློག་བརྙན་གྲོང་བར། གསལ་ལ་མི་གསལ་དང་ཐང་ལ་སྡོད་པ་ནས་བརྙན་ཤེལ་ཆེན་པོ་དང་། སྒྲ་གསལ་བ། རྐུབ་སྟེགས་འབོལ་པོའི་བར་བཅས་ཀྱི་འགྱུར་བ་ལས་བོད་ཀྱི་མི་དམངས་ཀྱི་གློག་བརྙན་དང་བརྙན་འཕྲིན་རིག་གནས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་ཞིང་དེ་ལས་ས་མཐོའི་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོའང་མངོན་གྱི་ཡོད།