ཕྱི་འབྲེལ་པུས་བརྗོད་དོན།
དབྱི་རན་དང་དབྱི་སི་རལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་ཕྱི་འབྲེལ་པུའུ་དང་འབྲེལ་ཡོད་གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ལས་ཤག་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དབྱི་རན་དང་དབྱི་སི་རལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ནས་ཀྲུང་གོའི་སྤྱི་དམངས་མགྱོགས་མྱུར་ཕྱིར་འཐེན་བྱེད་བཞིན་ཡོད་ཅེས་བརྗོད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཉེ་ཆར་དབྱི་སི་རལ་གྱིས་དབྱི་རན་ལ་འཇབ་རྒོལ་བྱས་པ་དང་འབྲེལ། དམག་དོན་གདོང་གཏུག་ཛ་དྲག་ཏུ་ཕྱིན་ནས་ས་གནས་དེ་གའི་མི་སྣར་ཉེན་ཁ་ཚབས་ཆེན་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་དང་དབྱི་སི་རལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཕྱིར་འཐེན་བྱེད་རྩིས་ཡོད་དམ་ཞེས་དྲིས།
ཀུའོ་ཅ་ཁུན་གྱིས་བརྗོད་དོན། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དབྱི་སི་རལ་དང་དབྱི་རན་དབར་གདོང་གཏུག་བྱུང་རྗེས། ཕྱི་འབྲེལ་པུའུ་དང་དེ་བཞིན་དབྱི་རན་དང་དབྱི་སི་རལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ལས་ཤག་གིས་འཕྲལ་མར་གཞུང་ཚབ་སྲུང་སྐྱོབ་ཀྱི་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་ཏེ། རྒྱལ་ཁབ་གཉིས་ལ་ཀྲུང་གོའི་སྤྱི་དམངས་དང་སྒྲིག་གཞིའི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ནས་འབྲེལ་ཡོད་དྲན་སྐུལ་དང་ཕྱོགས་སྟོན་དུས་ཐོག་ཏུ་ཁྱབ་བསྒྲགས་དང་། ས་གནས་དེ་གའི་ཀྲུང་གོའི་སྤྱི་དམངས་དང་སྒྲིག་གཞི་དང་མུ་མཐུད་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས། ཁོང་ཚོས་བདེ་འཇགས་སྔོན་འགོག་དང་ཛ་དྲག་ཉེན་གཡོལ་ཡག་པོ་བྱེད་པར་མཛུབ་ཁྲིད་བཅས་བྱས་པ་མ་ཟད། ཕྱིར་འཐེན་བྱས་པའི་ཀྲུང་གོའི་སྤྱི་དམངས་ལ་གཞོགས་འདེགས་ཧུར་ཐག་ཀྱང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མིག་སྔར་ཀྲུང་གོའི་སྤྱི་དམངས་ཁག་གཅིག་བདེ་འཇགས་ངང་མཐའ་འཁོར་རྒྱལ་ཁབ་ཏུ་ཕྱིར་འཐེན་བྱས་ཟིན་པ་རེད།
ཀུའོ་ཅ་ཁུན་གྱིས་བརྗོད་དོན། ཕྱི་འབྲེལ་པུའུ་དང་དེ་བཞིན་འབྲེལ་ཡོད་གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ལས་ཤག་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དབྱི་རན་དང་དབྱི་སི་རལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཏེ། ཀྲུང་གོའི་སྤྱི་དམངས་མགྱོགས་མྱུར་ཕྱིར་འཐེན་བྱེད་དགོས། དབྱི་རན་དང་དབྱི་སི་རལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་གཞུང་ཚབ་ཆེ་མོ་ཁང་དང་ཁེ་སྐྱོང་ལས་ཤག་དང་འབྲེལ་གཏུག་བྱེད་ཆོག་ལ་གཞུང་ཚབ་སྲུང་སྐྱོང་གི་ཐད་སྦྲེལ་ཁ་པར་12308ཀྱང་རྒྱག་ཆོག