དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱིས། མང་ཚོགས་སྐྱིད་སྣང་ཚོར་བར་བྱས།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་རྣམ་གྲངས་ཀྱི་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-20

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་རྣམ་གྲངས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། 2024ལོར་རང་ལྗོངས་ཀྱིས་ཁུལ་ཆུང་རྙིང་པ་118སྒྱུར་བཀོད་བྱས་པར་གྲོང་ཁྱེར་དང་གྲོང་རྡལ་གྱི་དུད་ཚང་ཁྲི་4.8ཡི་མི་ཁྲི་19.2ལ་ཕན་པ་ཐོབ་ཡོད། ད་ལོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དོན་དངོས་ལ་གཞི་ཚུགས་པ་དང་ཁུལ་ཆུང་རྙིང་པའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པའི་རྨང་གཞིའི་ཐོག“གལ་ཆེ་ཆུང”ལྟར་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་རྣམ་གྲངས་ཁག་100སྤྱི་འདོམས་བཀོད་སྒྲིག་བྱས་པར་སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་8.92གཏོང་རྩིས་ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དུད་ཚང་ཁྲི་1.36གི་མི་ཁྲི་4.3ལ་ཕན་པ་ཐོབ་སྟེ། གྲོང་མིའི་འཚོ་བའི་ཁོར་ཡུག་ལེགས་སུ་ཏན་ཏིག་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་འགྲོ་བ། གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཀྱང་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུ་རེད།

    གྲོང་མིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ།

    “ང་ཚོའི་ཁུལ་ཆུང་གི་ལམ་ནི་རྡོ་གཅལ་ལམ་ཡིན་པས་ཆར་པ་འབབ་ཐེངས་རེར་ལམ་ངོས་སུ་ཆུ་འཁྱིལ་གྱི་ཡོད། ད་ལོའི་ཁུལ་ཆུང་གི་སྒྱུར་བཀོད་ལ་དུད་ཚང་265ཡི་གྲོང་མི་ཚང་མས་རྒྱབ་སྐྱོར་བྱས་ཡོད”ཅེས་ཉི་འོད་བདེ་སྡོད་ཁུལ་ཆུང་གི་གྲོང་མི་ནོར་བུས་བཤད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དགུང་སྔོན་ལམ་དུ་གནས་པའི་ཉི་འོད་བདེ་སྡོད་ཁུལ་ཆུང་ནི་2005ལོར་བསྐྲུན་པ་ཞིག་ཡིན་ཞིང་། ཁུལ་ཆུང་གི་ལམ་ནི་རྡོ་གཅལ་ཡིན་པ་དང་ལོ་འདི་དག་རིང་རླངས་འཁོར་མང་པོ་ཕར་འགྲོ་ཚུར་འོང་བྱས་པས་ལམ་ངོས་འབར་འབུར་དུ་གྱུར་ཡོད་ལ། ས་འོག་གི་ཆུ་འགྲོར་ཆར་ཆུ་དང་བཙོག་ཆུ་གཉིས་ཀ་བཞུར་གྱི་ཡོད་པས་རྒྱུན་དུ་འགག་སླ་པོ་ཡོད། དེ་ནི་ཁུལ་ཆུང་གི་གྲོང་མི་ཚོས་གླེང་མང་བའི་གནད་དོན་ཞིག་ཏུ་གྱུར་ཡོད།

    རྒན་རྒོན་ཚེ་སྒྲོན་ནི་ཉི་འོད་བདེ་སྡོད་ཁུལ་ཆུང་དུ་རྒྱུན་དུ་སྡོད་ཀྱི་ཡོད་པ་དང་། ཁུལ་ཆུང་གི་རྡོ་གཅལ་ལམ་དེ་སྣུམ་ནག་ལམ་ངོས་སུ་སྒྱུར་བཀོད་བྱེད་རྩིས་ཡོད་པ་གོ་ཐོས་བྱུང་རྗེས་ཁོང་དགའ་སྤྲོ་ཆེན་པོ་བྱུང་ཡོད། ཁོང་གིས“དེ་གོང་ཁུལ་ཆུང་གི་ལམ་ངོས་འབར་འབུར་ཡིན་པ་མ་ཟད། ནམ་རྒྱུན་རླངས་འཁོར་ཡང་འགག་སླ་པོ་ཡོད་པས་ཕྱིར་སྐྱོད་པར་སྟབས་བདེ་པོ་མེད་ལ། ཆར་པ་འབབ་ཐེངས་རེར་ཁུལ་ཆུང་གི་ལམ་ངོས་སུ་ཆུ་འཁྱིལ་གྱི་ཡོད་པ་དང་སྒོ་རྩའི་ས་འོག་གི་ཆུ་འགྲོ་ཡང་རྒྱུན་དུ་འགག་སླ་པོ་ཡོད་པས་སྡེ་ཁུལ་གྱི་ལས་དོན་པས་རྒྱུན་དུ་མི་བཙལ་ནས་ས་འོག་གི་ཆུ་འགྲོ་གཤོང་དགོས་ཀྱི་འདུག”ཅེས་བཤད།

    ཨར་སྐྲུན་བྱ་ཡུལ་དུ་གསར་འགོད་པས་ཉི་འོད་བདེ་སྡོད་ཁུལ་ཆུང་གི་འགྲོ་ལམ་ཡོངས་བསྔོགས་ཟིན་ནས་ཨར་སྐྲུན་པས་ཆུ་འགྲོའི་མདོང་ལམ་འདིང་བཞིན་ཡོད་པ་དང་། ལས་ཡུལ་གྱི་ཨར་སྐྲུན་པ་ཕུད་དན་བག་སྡེ་ཁུལ་གྱི་དྲ་མིག་ལས་དོན་པ་ཁ་ཤས་ཀྱང་ཡོད་པ་མཐོང་།

    “ཁུལ་ཆུང་སྒྱུར་བཀོད་རིམ་སྤོར་གྱི་མ་དངུལ་མང་ཆེ་བ་སྲིད་གཞུང་གིས་བཏང་བ་དང་ཁུལ་ཆུང་གི་དུད་ཚང་རེས་སྒོར་3000རང་གྲབས་བྱས་ནས་རྣམ་གྲངས་ལག་བསྟར་བྱེད་པར་་ཐུན་མོང་ཐོག་སྐུལ་འདེད་བཏང་བ་ཞིག་རེད”ཁུལ་ཆུང་སྒྱུར་བཀོད་རིམ་སྤོར་བྱེད་རྒྱུ་ཡིན་པ་གོ་ཐོས་བྱུང་རྗེས་ཁུལ་ཆུང་གི་གྲོང་མི་265ཚང་མས་རྒྱབ་སྐྱོར་ཆེན་པོ་བྱས་ནས་ཨར་སྐྲུན་ཚན་པར་གཞོགས་འདེགས་ཧུར་ཐག་བྱས་པ་མ་ཟད། ཚང་མས་སྒྱུར་བཀོད་གྲོན་དངུལ་ཡང་འཇལ་ཡོད་ཅེས་ནོར་བུས་བཤད།

    ཁུལ་ཆུང་གི་རྣམ་པ་གསར་རྐྱང་དུ་གྱུར་བ།

    དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་དུ་གནས་པའི་བདེ་སྡོད་ཁུལ་ཆུང་བདུན་པ་འདི་ལོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་ཁྱབ་ཁོངས་ནང་ཚུད་ཡོད།

    བདེ་སྡོད་ཁུལ་ཆུང་བདུན་པར་སླེབས་སྐབས་གསར་འགོད་པས་ཨར་སྐྲུན་པ་ལས་ཀ་བྱེད་བཞིན་ཡོད་པ་དང་། ཁུལ་ཆུང་གི་སྲང་ལམ་མང་པོར་ཆུ་འགྲོ་བསྔོགས་ཟིན་ནས་ཆུ་འབུད་མདོང་ལམ་གསར་པ་འདིང་བཞིན་པ་མཐོང་བྱུང་། གསང་ཡིབ་སྡེ་ཁུལ་གྱི་དྲ་མིག་པ་མིག་དམར་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བདེ་སྡོད་ཁུལ་ཆུང་བདུན་པ་ནི་ཁུལ་ཆུང་རྙིང་པའི་ཁོངས་སུ་གཏོགས་ཀྱི་ཡོད་པས་འགྲོ་ལམ་ཁོད་མི་སྙོམས་པ་དང་། ལམ་སྒྲོན་མི་འབར་བ། ཆུ་བཤངས་མི་ཐུབ་པ་སོགས་ཀྱི་གནད་དོན་ཡོད། ཁུལ་ཆུང་དེ་སྒྱུར་བཀོད་རིམ་སྤོར་བྱས་རྗེས་གནད་དོན་དེ་དག་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད།

    དོག་སྡེ་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོན་གཅོད་ཁྲུའི་ཀྲུའུ་རེན་ཐུབ་བསྟན་བློ་བཟང་གིས་འདི་ལོའི་ཟླ་3པའི་ཟླ་འགོར་དོག་སྡེ་ཁྲོམ་གཞུང་གིས་ཁུལ་ཆུང་རྙིང་པ་9ཡི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་ལས་འགོ་འཛུགས་པའི་བཀོད་སྒྲིག་ཚོགས་འདུ་འཚོགས་ཡོད། ཁུལ་ཆུང་རྙིང་པ་སྒྱུར་བཀོད་དེ་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན་པའི་ངོས་ནས་གྲོང་མིའི་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ་དང་། འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། སྡེ་ཁུལ་ཞི་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཡང་གཏོང་ཐུབ་ཅེས་བཤད།

    ཁུལ་ཆུང་རྙིང་པ་67སྒྱུར་བཀོད་བྱེད་འགོ་ཚུགས་པ།

    གྲོང་ཁྱེར་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། ཁུལ་ཆུང་རྙིང་པ་མང་པོ་ཞིག་ལ་སྒྲིག་ཆས་རྙིང་འགྱུར་དང་། ཁོར་ཡུག་བཙོག་པ། གྲོང་མིའི་འཚོ་བའི་སྤུས་ཚད་ཞན་པ་སོགས་ཀྱི་གནད་དོན་འཕྲད་བཞིན་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ལི་ཆི་ཞང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁུལ་ཆུང་དེ་དག་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པར་བསྐྲུན་པ་ཤ་སྟག་ཡིན་ཞིང་། ལ་ལ་དེ་ལས་ཀྱང་སྔ་བ་ཡོད། སྐབས་དེའི་འཛུགས་སྐྲུན་གྱི་ཚད་གཞི་དང་འཆར་འགོད་འདུ་ཤེས་ཀྱིས་དེང་རབས་གྲོང་ཁྱེར་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། ལྷག་པར་དུ་མིག་སྔར་འཆར་གཞི་ལག་བསྟར་བྱ་ཡུལ་ཁུལ་ཆུང་རྙིང་པར་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། མདོང་དྲ་རྙིང་པ་ཆགས་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མངོན་གསལ་དོད་པ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་། དཀའ་གནད། འགག་གནད་བཅས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་ཡོད། དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འཚོ་བའི་ཁོར་ཡུག་དང་འཚོ་བའི་སྤུས་ཚད་ཐད་ཀྱི་གྲོང་མིའི་རེ་བའང་ཇེ་མཐོར་འགྲོ་བཞིན་ཡོད། དེར་བརྟེན། ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པ་ནི་ཁུལ་ཆུང་དེ་དག་ཕྱོགས་བསྡུས་བཅོས་སྐྱོང་དང་རིམ་སྤོར་སྒྱུར་བཀོད་བྱེད་པའི་ལས་དོན་གལ་ཆེན་ཞིག་རེད། དེ་ནི་འཛུགས་སྐྲུན་དང་། ཁོར་ཡུག སྒྲིག་བཀོད་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་གྲོང་མིའི་འཚོ་བའི་སྤུས་ཚད་དང་སྐྱིད་སྣང་དང་ཡང་འབྲེལ་བ་ཡོད།

    མིག་སྔར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཁུལ་ཆུང་རྙིང་པ་67སྒྱུར་བཀོད་བྱེད་འགོ་ཚུགས་པ་དེས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དུད་ཚང་8270དང་མི་ཁྲི་2.6ལ་ཕན་པ་ཐོབ་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་5.52བཏང་ཡོད་པ་རེད། ཁུལ་ཆུང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཇུས་གཞི་མི་འདྲ་བ་བཟོས་པ་དང་། ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པའི་ནང་དོན་ལ་ཁྱད་པར་ཅུང་ཟད་ཡོད་པའི་ནང་གཙོ་བོ་ལམ་ངོས་སུ་ཨར་འདམ་འདིང་བ་དང་། ཆུ་མཁོ་འདོན་དང་ཆུ་འགྲོ་སྒྱུར་བཀོད། གློག་ཆེན་གློག་ཆུང་གི་མདོང་དྲ་སྒྱུར་བཀོད། ལམ་སྒྲོན་སྒྲིག་སྦྱོར། སྔོ་འགྱུར་མཐོར་གཏོང་། ཁུལ་ཆུང་ཁག་གཅིག་ཏུ་གློག་གསོག་ས་མང་དུ་གཏོང་བ་དང་དེ་བཞིན་ཞོར་གཏོགས་ལས་གྲྭ་གཞན་དག་སོགས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།