མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་མཉམ་དུ་གཏོད།
ལྷ་ས་གྲོང་ཁྱེར་གྱིས“འཆར་གཞི་ཁག་གསུམ”ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བའི་སྐོར།
ད་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ“འཆར་གཞི་ཁག་གསུམ”ལག་ལེན་གཏིང་ཟབ་བསྟར་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་བཏོད་པ་རེད།
མི་རིགས་མཐུན་སྒྲིལ་གྱི་ས་བོན་འདེབས་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་ཐད། ལྷ་ས་གྲོང་ཁྱེར་གྱིས་རྣམ་པ་སྣ་ཚོགས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་བ་བརྒྱུད་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ལ་སྦྲེལ་ཟམ་བསྐྲུན་ཅིང་། ལྷ་ས་གྲོང་ཁྱེར་གྱིས“སེ་འབྲུའི་མེ་ཏོག་བཞད་ནས་རྟེན་འབྲེལ་ཆེན་མོ་བསུ། སེམས་པ་མཐུན་ནས་བསྐྱར་དར་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་ལྷ་སའི་གཞོན་ནུ་ལོ་ཆུང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་གཉིས་པ་གཉེར་བ་དང་། རྫོང(ཆུས)དང་རྩོལ་ནུས་གླིང་ཁག་གི་འགྲན་ཞུགས་པ་25ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་མཐར་བསྡུར་ལ་ཚུད་པ་དང་། ལྷ་ས་གྲོང་ཁྱེར་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་47དང་རུ་སྣེ་འཁྲིད་མཁན་དགེ་རྒན་སྒྲིག་འཛུགས་བྱས་ཏེ“གདོང་ལེན་རུ་མི་སློབ་སྦྱོང་ལ་དགའ”ཞེས་པའི་ལྷ་སའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་པེ་ཅིང་དུ་བསྐྱོད་པའི་གསར་བརྗེའི་སློབ་གསོའི་ཞིབ་སློབ་བྱེད་སྒོ་སྤེལ་བ། གཞོན་ནུ་ལོ་ཆུང་དང་བླངས་པ་40སྒྲིག་འཛུགས་བྱས་ནས་ཅང་སུའུ་ནན་ཐུང་དུ་དུས་ཡུན་ཉིན་8ཀྱི་སློབ་སྦྱོང་སྤེལ་རེས་བྱེད་སྒོ་སྤེལ་བར་བསྐྱོད་པ་རེད།
མཉམ་སྡོད་མཉམ་འདྲེས་དང་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་གཏོད་པའི་ཐད། ལྷ་ས་གྲོང་ཁྱེར་གྱིས་མི་རིགས་ཀྱི་སྡོད་གནས་ལ་དབྱེ་མཚམས་མེད་པར་བཟོས་ནས་མི་རིགས་ཁག་མཉམ་དུ་སྡོད་པ་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ལས་སྒྲུབ། མཉམ་དུ་སྤྲོ་སྣང་ལ་རོལ་བ་བཅས་སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཅིག་བཏོད་པ་རེད། ཁྲེང་ཀོན་ཆུས་འོ་བརྒྱལ་ཐང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་གཞི་རིམ་བཅོས་སྐྱོང་ཁྱད་ཆོས་སུ་བྱས་ནས“ལྔ་ལྔ”ལས་དོན་སྒྲུབ་སྟངས་བརྒྱུད“གཅིག་རེ་གསུམ”དང་། “གཡུལ་ས་གཅིག”“རྒན་གཅིག་གཞོན་གཅིག”བཅས་བཏོད་ནས་སེམས་དྲོད་ཟ་ཁང་དང་། སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན། དབང་སྐྱོན་བྱིས་པ་དྲག་སྐྱེད་ལྟེ་གནས། བུ་བཅོལ་ཁང་སོགས་བསྐྲུན་པ་དང་། “གཡུལ་ས་གཅིག”ལ་བརྟེན་པ་དང“ཞབས་ཞུ་ཁག་གསུམ”ལ་དམིགས་པས་གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་ཕྱིན་ཡོད། བརྒྱད་གཅིག་སྡེ་ཁུལ་གྱིས་དྲ་མིག་གི“ངོས་འཛིན་གསུམ”གྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་གྲོང་མིའི་ཁྱིམ་ཚང་ལོ་རྒྱུས་ཟིན་ཐོར་འགོད་པ་དང་། ཁྱིམ་ཚང་ལོ་རྒྱུས་ཁང་དུ་ཁྱིམ་ཚང་ལོ་རྒྱུས་ཁག་49དང་གྲོང་མིས་རང་མོས་ངང་ཞལ་འདེབས་བརྒྱབ་པའི་ཅ་དངོས་རྙིང་པ་120ལྷག་ཙམ་ཉར་ཏེ། དུས་རབས་3གྱི་ཁྱིམ་ཚང་44ཡི་ལོ་རྒྱུས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པ་དེས་མི་རིགས་ཁག་གི་མང་ཚོགས་དབར་བརྩེ་བ་ཟབ་ཏུ་ཕྱིན་པ་མ་ཟད། ཁྱིམ་མཚེས་དབར་ཕར་རོགས་ཚུར་རོགས་དང་མཉམ་བཅོས་མཉམ་རོལ་བྱེད་པའི་འཆམ་མཐུན་སྡེ་ཁུལ་ཞིག་ཀྱང་ནུས་ལྡན་བཏོད་པ་རེད།
“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་གནས་དང་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ“ལྷ་སར་ལྷན་འཛོམས”ཞེས་པའི་ཆེད་དོན་འཁྲབ་སྟོན་དང་། རིག་གནས་དང་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དང་2025ལོའི་ལྷ་ས་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་རྫས་འཕེལ་རྒྱས་ཚོགས་ཆེན། ཡུལ་སྐོར་ཚོང་འགྲུལ་ཚོགས་ཆེན་དང་རིག་གནས་དང་ཡུལ་སྐོར་གྱི་ཚོང་འགུགས་མ་འདྲེན་མཚམས་སྦྱོར་ངོ་སྤྲོད་འདུ་ཚོགས། འཛམ་གླིང་ཡུལ་སྐོར་མནའ་འབྲེལ་ཚོགས་མིའི་ཉིན་མོ། “བརྩེ་བས་ཁེངས་པའི་འདམ་གཞུང”ཞེས་པའི་མེ་ཕུང་སྒོར་གཞས་དང་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོ་བཅས་བྱེད་སྒོ་ཐེངས་6སྤེལ་བ་རེད།