རྒྱ་ཚ་རྫོང་གིས་ད་ལོའི་གནའ་བོའི་ཤིང་སྡོང་ཁག་དང་པོ་རྩིས་ལེན་ཉར་གསོའི་བྱེད་སྒོ་ སྤེལ་འགོ་ཚུགས་པ།
ཉེ་ཆར་རྒྱ་ཚ་རྫོང་གིས“རྒྱ་ཚའི་ཞིབ་སློབ་དུས་ཚིགས”ཀྱི་རིག་གནས་དང་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པའི“གནའ་བོའི་ཤིང་སྡོང་སྲུང་། ལྗང་མདོག་བྱ་སྤྱོད་སྤེལ”ཞེས་པའི་རྩིས་ལེན་ཉར་གསོའི་བྱེད་སྒོའི་འགོ་འཛུགས་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་མཛེས་ལྗོངས་ཁུལ་དུ་སྤེལ་བའི་བྱེད་སྒོ་དེ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྟར་སྡོང་ནགས་ཚལ་མཛེས་ལྗོངས་ཁུལ་དུ་སྤེལ་ནས། 2025ལོའི་གནའ་བོའི་ཤིང་སྡོང་ཁག་དང་པོ་རྩིས་ལེན་ཉར་གསོའི་བྱེད་སྒོ་འགོ་ཚུགས་པ་རེད།
བྱེད་སྒོ་དེ་འཁྲུག་ཆ་དོད་པའི《མཛེས་པའི་རྒྱ་ཚ》ཞེས་པའི་ཞབས་བྲོའི་ཁྲོད་འགོ་ཚུགས་ཤིང་། ངར་རབ་གྲོང་རྡལ་སློབ་ཆུང་གི་རྒན་བཀྲ་ཤིས་གཡང་འཛོམས་ཀྱིས་གནའ་བོའི་ཤིང་སྡོང་སྲུང་སྐྱོང་སྐོར་གྱི་བསམ་ཚུལ་མཉམ་སྤྱོད་བྱས་པ་དང་། རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ལས་དོན་པས་སྤྱི་དམངས་ལ་གནའ་བོའི་ཤིང་སྡོང་རྩིས་ལེན་དང་ཉར་གསོའི་སྒྲིག་སྲོལ་ངོ་སྤྲོད་བྱས་པ་མ་ཟད། རྩིས་ལེན་ཉར་གསོའི་འཐུས་མིར་ལག་ཁྱེར་ཡང་སྤྲད་པ་རེད།
ད་ཐེངས་ཀྱི་བྱེད་སྒོས་གནའ་བོའི་ཤིང་སྡོང་ལ་སྲུང་སྐྱོང་བྱེད་པ་ལྟེ་བར་བྱས་ཏེ་རིག་གནས་རྒྱུན་འཛིན་དང་། ཡུལ་སྐོར་ཉམས་ལེན། སྤྱི་ཕན་ལག་ལེན་བཅས་མཉམ་འདྲེས་ཀྱིས་གནའ་བོའི་ཤིང་སྡོང་སྲུང་སྐྱོང་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་རེད། སླད་ཕྱིན་རྒྱ་ཚ་རྫོང་གིས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཤིང་སྡོང་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་འགྲེམས་སྟོན་གྱི་མིང་བྱང་བཏོད་དེ། ཡུལ་སྐོར་བ་དེ་བས་མང་བས་ས་གནས་དེ་གའི་སྐྱེ་ཁམས་དང་རིག་གནས་ཉམས་ལེན་བྱེད་པའི་ཡིད་དབང་འགུག་རྒྱུ་རེད།