གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ཆུ་ནུབ་ཤང་གིས།
རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་བ།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ཆུ་ནུབ་ཤང་གིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ་རྩ་འཛུགས་ཀྱི་སྣེ་ཁྲིད་ནས་རྨང་གཞི་བརྟན་གཏོང་དང་། ལམ་ལུགས་ལ་བརྟེན་ནས་ཚད་ལྡན་ལ་སྐུལ་འདེད་གཏོང་བ། རྩལ་ནུས་ཀྱིས་མཐུན་རྐྱེན་སྦྱར་ནས་འཇོན་ཐང་ཆེ་རུ་གཏོང་བ། བདེ་འཇགས་ལ་བརྟེན་ནས་སྲུང་བཅད་འགན་ལེན་བཅས་ཀྱི“ལས་ཀའི་བྱེད་ཐབས་བཞི”བརྒྱུད་གཞི་རིམ་བཅོས་སྐྱོང་དེ་འཚོ་རྟེན་ལས་སྤྲོད་ཀྱི་གྲོང་མིའི་རང་སྐྲུན་རྣམ་གྲངས་དང་མཉམ་འདྲེས་གཏིང་ཟབ་དང་། “ཀྲི་པུས་སྣེ་ཁྲིད་དེ་སྤྱི་འདོམས་དང་། ཏང་ཡོན་གྱིས་དཔེ་སྟོན་སྣེ་ཁྲིད། མང་ཚོགས་རྒྱ་ཁྱབ་ངང་ཞུགས་པ”བཅས་ཀྱི་མཉམ་སྐྲུན་མཉམ་སྤྱོད་མཉམ་བཅོས་ཀྱི་རྣམ་པ་བཏོད་དེ་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་ཡོད།
ཆུ་ནུབ་ཤང་གིས“ཏང་ཨུད་ཀྱིས་སྤྱི་འདོམས་དང་། སྲིད་གཞུང་གིས་དོན་འཁྱོལ། ཀྲི་པུས་གཙོ་ཁྲིད། ལས་འཛིན་ལྷན་ཚོགས་ཀྱིས་ལག་བསྟར”བཅས་བྱེད་པའི་རིམ་བཞི་མཉམ་འགུལ་བཅོས་སྐྱོང་མ་ལག་ཧུར་ཐག་བཙུགས་པ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ལེགས་ཆ་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ། ཕྱོགས་མང་པོའི་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པ་དང་། ཤང་གི་འཇོན་ཐང་ཅན། མང་ཚོགས་ཀྱི་འཐུས་མི་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་རྣམ་གྲངས་འགག་སྒྲོལ་གྱི་ཆེད་དོན་ཚན་ཁག་བཙུགས་ཡོད། གྲོང་མིའི་ཚོགས་ཆེན་དང་ཁྱིམ་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་འཚོ་རྟེན་ལས་སྤྲོད་ཀྱི་སྲིད་ཇུས་གསལ་འགྲེལ་བྱས་པ་དང་། ཏང་ཡོན་11གིས་སྔོན་ལ་མིང་ཐོ་བཀོད་ནས་དཔེ་སྟོན་སྣེ་ཁྲིད་བྱས་པ་དང་མང་ཚོགས་60ལྷག་ཙམ་ལས་ཞུགས་ཐུབ་ལ། གླ་ཆ་སྒོར་ཁྲི་80.97སྤྲད་དེ་མི་རེར་ཆ་སྙོམས་འབབ་འཕར་སྒོར་13495བྱུང་སྟེ་ཕ་ཡུལ་དུ་ལས་ཞུགས་དང་འབབ་འཕར་ཐུབ་ཡོད།