འཕྱོངས་རྒྱས་རྫོང་ཁྲང་དཀར་གྲོང་ཚོས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་མཛེས་ལྡན་གྲོང་གསེབ་བསྐྲུན་པ།
ད་ཕན་ལོ་ཤས་རིང་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ནུས་ཤུགས་ཡོད་རྒུས་བསྐྲུན་པར“2023ལོའི་ཀྲུང་གོའི་མཛེས་སྡུག་སོས་དལ་གྱི་གྲོང་གསེབ”དང“རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོ་ཁག་གསུམ་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད།
ཏང་འཛུགས་སྐྱོང་གི་ཁྲིད་སྟོན་འོག་ཁྲང་དཀར་གྲོང་ཚོས་ཏང་ཡོན་དང་། ཚོགས་ཆུང་། མང་ཚོགས་བཅས“རིམ་གསུམ་ཏང་འཛུགས་སྐྱོང་མ་ལག”ཧུར་ཐག་བཙུགས་ཏེ་ཏང་ཡོན་དང་ལས་བྱེད་པ་95གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་ནས་དུད་ཚང་རེར་དེབ་རེའི་ཡིག་ཚགས་བཟོས་ནས་གནད་སྨིན་ཇུས་འདོན་བྱས་པ་རེད། གྲོང་མིའི་ཚོགས་ཆུང་ལས་རྨང་གཞིའི་དྲ་མིག་4དབྱེ་ནས་དྲ་མིག་ཅན་གྱི་དོ་དམ་འཐུས་སྒོ་ཚང་དུ་བཏང་བ་དང་། འབྲེལ་ཡོད་མི་སྣའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་བཅོས་སྒྲིག་ལས་འགན་ཞིབ་ཚགས་སུ་བཏང་བས་ཁོར་ཡུག་བཅོས་སྒྲིག་ཡོངས་སུ་ཁྱབ་ཡོད།
“དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས”དང་དེ་བཞིན་གྲོང་གསེབ་ཀྱི་མཚན་མོའི་སློབ་གྲྭ་སོགས་ལ་བརྟེན་ནས་ཁྲང་དཀར་གྲོང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་བྱས་པ་དང་། གྲོང་སྲོལ་དམངས་ཆིངས་བཟོས་ཏེ་ལུགས་རྙིང་སྲོལ་ངན་ཁག་13མེད་པར་བཟོས་པས། མང་ཚོགས་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་སྦྲགས་འདུ་ཤེས་འགྱུར་ལྡོག་ལ་ཡང་སྐུལ་མ་ཐེབས་ཡོད།
གཞན་ཡང་། ཁྲང་དཀར་གྲོང་ཚོས“སྲིད་གཞུང་གིས་ཁྲིད་སྟོན་དང་། གྲོང་ཚོ་ཨུ་ལྷན་གྱིས་སྒྲིག་འཛུགས། མང་ཚོགས་ཀྱིས་མ་དངུལ་མཉམ་བསྡུ། ནོར་སྲིད་ཀྱིས་ཁ་གསབ”བཅས་ཀྱི་རྣམ་པ་སྤྱད་དེ་མི་ཕྱུགས་གཅིག་སྡུད་ལོགས་དབྱེའི་ཕྱུགས་ཚང་60བསྐྲུན་པ་དང་། གསང་སྤྱོད་གསར་བརྗེར་སྐུལ་འདེད་ཏན་ཏིག་བཏང་སྟེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་ཁྱབ་གདལ་གཏོང་ཚད་100%ཟིན་པ་རེད།