ཞིང་ཐང་གྲུ་བཞིའི་ཐོན་འབབ་འབེལ་སེ་འབེལ། ཨ་ཁུ་ཞིང་པའི་ངོ་གདོང་འཛུམ་སེ་འཛུམ།
ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱི་བགོ་འགྲེམས་མཛད་སྒོའི་སྐོར་བཀོད་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དགྲ་ལྷ་གྲོང་ཚོའི་བདེ་སྐྱིད་སྒོ་རའི་ནང་མི་མང་པོ་འཛོམས་ནས་དགའ་སྤྲོའི་རྣམ་པས་ཁེངས།
བདེ་སྐྱིད་སྒོ་རའི་ནང་། “2025ལོའི་འགྲོ་བ་དགོན་གྲོང་རྡལ་གྱི་ཞིང་བཟང་འདེབས་འཛུགས་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་རྐང་བདག་ཚོགས་ཆེན་དང་བགོ་འགྲེམས་མཛད་སྒོ”ཞེས་པའི་མངོན་གསལ་དོད་པའི་འཕྲེད་འགེལ་ཡི་གེ་བཀལ་ཡོད་པ་དང་། ཡུལ་མི་ཚོ་གཤམ་དུ་གྲལ་སྟར་འགྲིག་པོས་བསྡད་ཅིང་དུད་ཁྱིམ་72ཀྱི་རྐང་མིའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་དང་རེ་སྒུག་གི་རྣམ་འགྱུར་ཞིག་ངང་གིས་སྟོན་པ་དང་། དངུལ་སྒོར་ཁྲི་10ཡི་བགོ་འགྲེམས་ཉིན་མོ་འདི་ཟླ་བ་དྲུག་པའི་ལོ་ལེགས་ཉིན་མོར་གྱུར་ཡོད།
དང་ཐོག་མར། ཡུལ་མི་ཚོར་གསར་དུ་བཙུགས་པའི་མཉམ་ལས་ཁང་ལ་ཁེ་སྤོགས་རག་པའི་གདེང་ཚོད་མེད་པར་མ་དངུལ་བཏང་བ་རྒྱ་མཚོ་རྡོ་དབྱུགས་བཞིན་གྱུར་པར་དོགས་ནས་མ་རྐང་ནང་ཞུགས་འདོད་བྱེད་ཀྱི་མེད། གྲོང་རྡལ་ནས་འོང་བའི་ལས་བྱེད་པ་ཚོས་ཞིང་ནང་མུ་ཁ་དང་། ཡུལ་མིའི་ཁྱིམ་དུ་བསྐྱོད་ནས་འགྲེལ་བཤད་ཁ་ན་ན་བརྒྱབ་སྟེ། ཚང་མར་ཞིང་ཁ་བཏབ་ན་ཡོང་སྒོ་བྱུང་ཐུབ་པ་དང་། བཏབ་པའི་སྔོ་ཚལ་ལ་གོང་ཡག་པོ་རག་ཐུབ་པའི་ཡིད་ཆེས་འོང་ཐབས་བྱས། སྐུལ་སློང་ཚོགས་ཆེན་ཐེངས་མང་འཚོག་པ་དང་གྲོས་བསྡུར་མང་པོ་བྱེད་རིམ་བཞིན་ཁོང་ཚོས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མཉམ་ལས་ཁང་གི་བརྗིད་ཆེའི་འཆར་གཞི་ངོ་སྤྲོད་ཀྱིས་ཕྱིན་འབྱུང་འཕེལ་རྒྱས་འགྲོ་ཚུལ་ཞིབ་དཔྱད་བྱས་ཤིང་ད་ཆ་ཚང་མ་མངོན་འགྱུར་བྱུང་ཡོད།
བགོ་འགྲེམས་མཛད་སྒོར། མཉམ་ལས་ཁང་གི་སྤྱི་གཉེར་བ་ལང་ཐིང་ཐིང་གིས་དགའ་ཚོར་ཆེན་པོས་ལོ་གཅིག་རིང་གི་འགྲོ་བ་དགོན་གྲོང་རྡལ་ཞིང་བཟང་འདེབས་འཛུགས་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་གཉེར་སྐྱོང་གནས་ཚུལ་ངོ་སྤྲོད་བྱེད་བཞིན་མངོན་གསལ་དོད་པའི་གྲངས་གཞི་མང་པོ་མི་རྣམས་ཀྱི་མིག་ལམ་དུ་བསྟན་ཏེ། མཉམ་ལས་ཁང་གི་སྔོ་ཚལ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཐོག་མའི་མུའུ་བཅུ་གྲངས་ཁ་ཤས་ནས་ད་ཆ་མུའུ་བརྒྱ་གྲངས་ཁ་ཤས་བར་མང་དུ་སོང་བ་དང་ཐོན་ལས་ཀྱི་སྣ་ཁའང་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཚུལ་དང་། དྲ་ཕྱིའི་མཉམ་ལས་བརྒྱུད་ཐོན་རྫས་ཕྱིར་ཚོང་བྱེད་རྒྱ་ཆེ་རུ་ཕྱིན་ནས་མངགས་ཐོའི་གྲངས་ཚད་རྒྱུན་ཆད་མེད་པར་མང་དུ་འགྲོ་ཚུལ་སྙན་སེང་ཞུས་ཤིང་། མཉམ་ལས་ཁང་གི་ལོའི་ཕྱིར་ཚོང་བྱེད་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་མང་པོ་བཏོད་ལུགས་དང་ཐོན་ལས་ཀྱི་རྒྱ་ཁྱོན་ཡང་ཟམ་མི་ཆད་པར་ཆེ་རུ་འགྲོ་ཚུལ་ཐོས་སྐབས། ཡུལ་མི་ཚོས་དགའ་བའི་ཐལ་མོ་རྡེབ་པ་དང་དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས་ལ། ཡུལ་མི་མི་ཉུང་བ་ཞིག་དགའ་ངུའང་ཤོར་ཞིང་ཁོ་ཚོས་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ལས་སླ་མོ་མིན་པ་གསལ་པོར་ཤེས་ཀྱི་ཡོད།
མ་རྐང་ནང་ཞུགས་ནས་བགོ་འགྲེམས་རག་པ་དེ་ཙམ་མ་ཡིན་པར། ད་དུང་མཉམ་ལས་ཁང་གིས་ལོ་ལྟར་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་པས། “ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ནས་འབབ་འཕར་ཕྱུག་འགྱུར”བྱུང་ཡོད། འགྲོ་བ་དགོན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀོའུ་ཧྲོང་ཆོན་གྱིས“གནམ་ཆུ་སྒུག་པའི་རྙིང་ཞེན་གྱི་བྱེད་སྟངས་ནས་ཁྱིམ་གྱི་སྒོ་རྩར་ལས་གཏོད་བྱེད་མཁན་ཞིང་པ་གསར་པར་གྱུར་པའི་བར། ཡུལ་མི་ཚོས་ལག་གཉིས་ལ་བརྟེན་ནས་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཡོད། འགྲོ་བ་དགོན་གྲོང་རྡལ་ཞིང་བཟང་འདེབས་འཛུགས་མཉམ་ལས་ཁང་གིས‘རང་སའི་སྔོ་ཚལ་རང་སར་འདེབས་པ་དང་། ཕྱིར་ཚོང་ཐུབ་པ། ཕ་ཡུལ་དང་མི་འབྲལ་བ། ཞིང་ས་དང་མི་འབྲལ་བ། ཕྱུག་པོ་ཆགས་ཐུབ་པ་བཅས’ཀྱི་འདུ་ཤེས་ལ་བརྟེན་ནས་ཚང་མའི་སྣེ་ཁྲིད་དེ་ཐོན་ལས་དར་ཞིང་མང་ཚོགས་ཕྱུག་པོ་ཆགས་པའི་ལམ་བུར་དངོས་འབྲེལ་བསྐྱོད་ཡོད”ཅེས་བཤད།
ད་ཆ་འགྲོ་བ་དགོན་གྲོང་རྡལ་གྱིས་ཡུལ་བབ་དང་བསྟུན་ཏེ་སྔོ་ཚལ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཚན་རིག་དང་མཐུན་པའི་ཐོན་ལས་ཀྱི་བཀོད་པ་འདིང་བ། མང་ཚོགས་ཀྱི་བསམ་བློར་འགྱུར་བ་གཏོང་བ་དང་བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་པ། “སྒུག་རྟེན་སློང་གསུམ”གྱི་བསམ་བློ་དོར་བ་བཅས་བྱས་ཏེ། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་སྐྱེལ་བཞིན་ཡོད། གྲོང་མིའི་སྡོད་ཁང་གསར་པ་མང་པོ་ཐོན་པ་དང་གཞུང་ལམ་སྔར་བས་ཡངས་ཤིང་ཁོད་སྙོམ་པ་མ་ཟད། ཁྱིམ་ཚང་མི་རེ་ངོ་རེའི་སྒོ་ར་ནས་ཤིང་འབྲས་ཀྱི་དྲི་ཞིམ་ལྷང་ངེར་འཐུལ་བཞིན་མཆིས།