ཤག་ཆུའི་འགྲམ་ངོགས་སུ་ཤེས་དཔལ་གྱི་འགྱུར་ཁུག་མཆེད།
——“རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པ”ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ཤག་ཆུ་ཁ་སྡེ་ཁུལ་གྱི་མཐོང་ཐོས།
ད་ལོའི་ཟླ་5ཚེས་23ཉིན། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་གཟེངས་བསྟོད་ཚོགས་ཆེན་ཐོག་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ཤག་ཆུ་ཁ་སྡེ་ཁུལ་ལ“རྒྱལ་ཡོངས་ཀྱི་དཔལ་ཡོན་ཚན་པའི”མཚན་སྙན་ཐོབ་ཡོད། ཉེ་ཆར། གསར་འགོད་པས་ཤག་ཆུ་ཁའི་འགྲམ་ངོགས་སུ་གནས་པའི་ཤག་ཆུ་གྲོང་རྡལ་དུ་བསྐྱོད་དེ་ཤག་ཆུ་ཁ་སྡེ་ཁུལ་ལ“རྒྱལ་མཚོན་མིང་ཅན”གྱི་གཟི་བརྗིད་མཚན་སྙན་ཐོབ་པའི“མན་ངག”ཅི་ཞིག་ཡིན་མིན་རྩད་བཅད་དེ་འབྲོག་རར་མཆེད་པའི་ཤེས་དཔལ་གྱི་འགྱུར་ཁུག་ཉམས་སུ་མྱངས་པ་རེད།
“ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཡག་ཤོས་བརྒྱ”ཞེས་པ་དང“བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོ(གྲོང་ལྷན)”སོགས་ཤག་ཆུ་ཁ་གྲོང་ཚོའི་ལོ་རྒྱུས་ཁང་གི་གཟི་བརྗིད་གྱང་ལྡེབས་སུ་འོད་ཆེམ་ཆེམ་དུ་འཕྲོ་བའི་གཟེངས་རྟགས་དང་ལེགས་སྒྲིག་ཞིབ་ཚགས་བྱས་པའི་དཔང་ཡིག་གྲལ་འགྲིག་པོར་བསྒྲིགས་འདུག
“འདི་གར་འབྲོག་ཁུལ་རིག་གནས་ཀྱི་རྩ་བ་དང་། མི་རིགས་མཐུན་སྒྲིལ་གྱི་བརྩེ་དུང་། ཅ་དངོས་རྙིང་པ་ལས་བྱུང་བའི་ཕ་ཡུལ་གྱི་འཕྲེང་སེམས་བཅས་གཅིག་ཏུ་འདྲེས་ཡོད། ས་མཐོའི་ཡུལ་དུ་ཀྲོང་ངེར་འགྱིང་བའི་གྲོང་ཚོའི་ལོ་རྒྱུས་ཁང་འདིས་ཤག་ཆུ་ཁ་སྡེ་ཁུལ་ལ‘རྒྱལ་ཡོངས་ཤེས་དཔལ་ཚན་པའི’མཚན་སྙན་ཐོབ་པའི་རང་མདངས་དང་ཉམས་བཟང་ཟིན་ཐོར་བཀོད་ཡོད”ཅེས་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟླ་བ་རྡོ་རྗེས་ངོ་སྤྲོད་བྱས།
“རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ་པ་དེ་ནི་འབྲོག་ཁུལ་དུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་རྩ་བ་ཚུགས་ཏེ་མྱུ་གུ་འབུས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན།
ཤག་ཆུ་གྲོང་རྡལ་གྱི་ཤེས་དཔལ་ལག་ལེན་གྱི་སྐར་གསོག་སྒོ་རྩིས་ཚོང་ཁང་དུ་སྡེ་ཁུལ་གྱི་མང་ཚོགས་སྤེན་པས་སྐར་མ་སྤྱད་དེ་ཁ་སུར་དམར་པོ་ཁུག་མ་གང་དང་ཉིན་མཁོའི་དངོས་རྫས་ཁག་གཅིག་བརྗེ་རེས་བྱས་པ་རེད། “ཤེས་དཔལ་ལག་ལེན་གྱི་སྐར་གསོག་སྒོ་རྩིས་ཚོང་ཁང་སྒོ་ཕྱེ་ཚུན། ‘ངལ་རྩོལ་ལ་བརྟེན་ནས་སྐར་མ་གསོག་པ་དང་། སྐར་མར་བརྟེན་ནས་དངོས་པོ་བརྗེ་བའི’བྱ་དགའི་ལམ་སྲོལ་བརྒྱུད་ང་ཚོའི་བྱ་སྤྱོད་ལ་ཁས་ལེན་བྱས་ཡོད། དེ་བཞིན་ང་ཚོས་དང་བླངས་ཞབས་ཞུ་དང་། གོམས་སྲོལ་སྒྱུར་བ། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཤེས་དཔལ་བྱ་སྤྱོད་ལ་བརྟེན་ནས་ཡུལ་སྲོལ་ཤེས་དཔལ་གྱི་དར་སྲོལ་གསར་པ་བཏོད་པ་མ་ཟད། དེ་བས་ཀྱང་ཚང་མའི་སེམས་པ་གཅིག་མཐུན་བྱུང་ཡོད”ཅེས་སྤེན་པས་བརྗོད།
ཤག་ཆུ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དུ་སླེབས་སྐབས། གཞི་རིམ་གྱི་རིག་གནས་ཞབས་ཞུའི་ས་ཚུགས་དེར་རིམ་རྩིས་བརྒྱབ་ན་སྒོར་ཁྲི་3500བཏང་བ་དང་། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.5ཙམ་ཟིན་པ། ཁང་པའི་ནང་གི་བར་མཐོངས་སྨི་ངོས་གྲུ་2963ཡོད་པའི་ཁར། ཁྱོན་དཔེ་དེབ་ལྟ་ཀློག་ཁང་དང་། གློག་སྤྱད་སློབ་ཁྲིད། ཞབས་བྲོ་འཁྲབ་སྦྱོང་ཁང་། ནུས་མང་འཁྲབ་སྟོན་ཁང་སོགས་བྱེད་ནུས་ཁུལ་16བཙུགས་ཏེ་མཁྲེགས་ཆས་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཡོད།
“ལག་ལེན་ཁང་དེའི་བྱེད་ནུས་ཚད་མཐོའི་གཅིག་འདུས་བྱུང་ནས་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་ཁག་ལ་ལས་སྟེགས་ཀྱི་འདེགས་སྐྱོར་ཐུབ་སྟེ། མང་ཚོགས་ཚོས་ཤེས་དཔལ་གྱི་སྲོལ་གསར་མིག་མཐོང་ལག་ཟིན་ཐུབ་པར་བྱས་ཡོད”ཅེས་ཤག་ཆུ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་ཧྲི་ཏན་ཁྲེང་གིས་བརྗོད།
ཤག་ཆུའི་སྟོད་རྒྱུད་ཀྱི་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱ་ཡུལ་དུ་བལྟས་ན། ཞིང་འབྲོག་མང་ཚོགས་ཀྱིས་གནས་སྐབས་བརྒྱབ་པའི་གུར་སྟེང་དུ་ཏང་དར་ལྷབ་ལྷུབ་གཡོ་བ་དང་། “ཁན་སྦྱར་དམར་པོ”གྱོན་པའི་དང་བླངས་པ་གང་སར་མཐོང་རྒྱུ་ཡོད་ཅིང་། སྔོག་འཐུ་བྱ་ཡུལ་གྱི་དང་བླངས་པས“མང་ཚོགས་ཀྱི་དགོས་མཁོ་གང་དུ་ཡོད་ན། དང་བླངས་ཞབས་ཞུ་དེ་གར་བྱེད”ཅེས་པ་ལག་བསྟར་བྱས་ཏེ། དོན་དག་ཆུང་ཆུང་དང་། ཕྲན་ཚེགས། བཟང་པོ་བཅས་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བའི་སྐྱིད་སྣང་ཆེ་རུ་བཏང་བ་དང་། མང་ཚོགས་དབར“སེམས་མཐུན་འབྲེལ་ཟམ”བཙུགས་པ་རེད།