བོད་ཀྱི་དམིགས་བསལ་གསོ་སྐྱོང་ཞིང་ལས་རིགས་གཅིག་མཁས་ཅན་ཞབས་ཞུ་ཚོགས་པའི་བྱེད་སྒོ་ཉིང་ཁྲིར་སྤེལ་འགོ་ཚུགས་པ།
ཉེ་ཆར། “ཞིང་ལས་ཚན་རྩལ་རིག་མཛོད་ནང་ཚུད་པའི་རིགས་གཅིག་མཁས་ཅན་རྣམས་ཉིང་ཁྲིར་འཛོམས་ནས། ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ”ཞེས་པའི་བོད་ཀྱི་དམིགས་བསལ་གསོ་སྐྱོང་བྱས་པའི་ཞིང་ལས་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ཚོགས་པའི་བྱེད་སྒོ་ཉིང་ཁྲིར་དངོས་སུ་སྤེལ་འགོ་ཚུགས་པ་རེད།
བྱེད་སྒོར་ནུབ་བྱང་ཞིང་ལས་ནགས་ཚལ་ཚན་རྩལ་སློབ་ཆེན་དང་། ཧྭ་ཀྲུང་ཞིང་ལས་སློབ་ཆེན། ཨན་ཧུའེ་ཞིང་ལས་སློབ་ཆེན། ཀྲུང་གོ་ཆུ་འབྲས་ཞིབ་འཇུག་སུའོ། ཀྲུང་གོ་ཞིང་ལས་ཚན་རིག་ཁང་། རྒྱལ་ཡོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས། དེ་བཞིན་པེ་ཅིང་དང་། ཀོང་ཏུང་། ཅང་སུའུ་སོགས་ཞིང་ཆེན(གྲོང་ཁྱེར)གྱི་ཞིང་ལས་ཚན་རིག་ཁང་སོགས་ཀྱི་གྲོ་དང་། མ་རྨོས་ལོ་ཏོག པད་ཁ། ཇ་ལོ། འབྲས་ཤིང་སོགས་ཁྱབ་ཁོངས་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་16གདན་དྲངས་ཤིང་། ཁོང་ཚོས་ཉིང་ཁྲིའི་ཞིང་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་པ། གཅིག་སྡུད་སློབ་ཁྲིད་དང་། ས་གནས་ས་ཐོག་ཏུ་མཛུབ་ཁྲིད། སྤེལ་རེས་ལན་སྤྲོད་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱད་དེ་བྲག་ཡིབ་ཆུས་དང་། མེ་ཏོག་རྫོང་། རྫ་ཡུལ་རྫོང་། སྤོ་བོ་རྫོང་བཅས་ལ་ཆེད་མངགས་ཞབས་ཞུའི་ཇུས་གཞི་འགོད་རྒྱུ། གོང་གསལ་གྱི་རྫོང(ཆུས)4ཡི་ཞིང་ལས་ལག་རྩལ་མི་སྣ་དང་། ཞིང་ལས་ལས་དོན་པ། ཞིང་འབྲོག་མང་ཚོགས་བཅས་ལ་ཁ་ཕྱོགས་ནས་ཆེད་ལས་ཤེས་བྱ་དང་རྩལ་ནུས་གསོ་སྦྱོང་བྱས་ཏེ། ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་གཏོང་བར་སྒུལ་ནུས་ཆེན་པོ་བསྣན་ཐོག ཐོན་ལས་རིམ་སྤོར་དང་། ཞིང་ལས་ཕན་ཆེ། ཞིང་པར་འབབ་འཕར་བཅས་ཡོང་བར་རོགས་རམ་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་དམིགས་བསལ་གསོ་སྐྱོང་ལས་དོན་སྤེལ་ཚུན། དམིགས་བསལ་གསོ་སྐྱོང་བྱས་པའི་རིགས་གཅིག་མཁས་ཅན་ཚོགས་པའི་ཞབས་ཞུའི་བྱེད་སྒོ་དུས་ཐེངས་17སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་241གིས་གཞི་རིམ་དུ་བསྐྱོད་ནས་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་པ། ཁྱབ་ཁོངས་གཙོ་བོའི་འབྲེལ་ཡོད་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་དང་ཞིང་འབྲོག་ཁུལ་གྱི་གོ་ཆོད་ཤེས་ལྡན་མི་སྣ་མི་ཐེངས་6700ལ་མཛུབ་ཁྲིད་དང་གསོ་སྦྱོང་བྱས་པ་རེད།