རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་བདེ་ཆེན་ཉི་མས།
གཅེས་སེམས་འོ་མའི་རྒྱ་མཚོ་རུ། ཤེས་བྱའི་ཉ་མོ་གསོ་བར་འབད།
ད་ལོ་ལོ་35ལ་སླེབས་པའི་རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་བདེ་ཆེན་ཉི་མས། “སླར་ཡང་ལོ་རེའི་སློབ་ཐོན་དུས་ཚིགས་ཤར་སོང་། སློབ་མ་མང་པོ་མཐར་ཕྱིན་ཏེ་སློབ་གྲྭ་ནས་ཁ་བྲལ་བ་དང་། སློབ་མའི་མཐོ་རྒྱུགས་སྦྱངས་འབྲས་སྐོར་གྱི་གཏམ་བཟང་ཐོས་སྐབས་དགའ་ཚོར་ཧ་ཅང་ཆེན་པོ་སྐྱེས་འོང་བས། ལས་རིགས་འདིའི་རིན་ཐང་སྔར་བས་རྩ་ཆེན་ཡིན་པ་ཤེས་ཀྱི་འདུག” ཅེས་བརྗོད། བདེ་ཆེན་ཉི་མ་ཐག་རིང་ཞིང་འབྲོག་ཁུལ་གྱི་ཁྱིམ་དུ་སྐྱེས་པ་དང་། 2012ལོར་པེ་ཅིང་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་རྗེས་བློ་ཐག་ཆོད་པོས་ཕ་ཡུལ་དུ་ལོག་སྟེ་ལྷ་ས་སློབ་འབྲིང་གི་སྐྱེ་དངོས་དགེ་རྒན་བྱས། དགེ་རྒན་བྱས་ནས་ལོ་13སོང་རིང་། ཁོང་གིས་རང་ཉིད་ཀྱི་གཅེས་སེམས་དང་ངང་རྒྱུད་རིང་པོར་བརྟེན་ནས་སློབ་མ་མང་པོ་བསྐྱངས་ཡོད།
དད་མོས་ཀྱི་གཞི་རྩ་བརྟན་དུ་བཏང་བ།
2008ལོར་ཏང་ནང་ཞུགས་པའི་བདེ་ཆེན་ཉི་མས་ལྷ་ས་སློབ་འབྲིང་དུ་སྐྱེ་དངོས་དགེ་རྒན་དང་། འཛིན་བདག སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་སོགས་ཀྱི་འགན་གཅིག་ལྕོགས་སུ་ཁུར་ཡོད། ཀུན་སྤྱོད་སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས་ཁོང་གིས“ཡོད་པ་བཞིའི”དགེ་རྒན་བཟང་པོའི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ། “བསམ་བློ་ཆབ་སྲིད་ཆེན་པོའི”སློབ་གསོའི་རྣམ་པ་གསར་པ་བཏོད་པ་དང་། “ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་གྲྭར་དྲིལ་བསྒྲགས་བྱེད་པ”དང“སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་སློབ་སྦྱོང་བྱེད་པ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་བྱས་ཏེ། དབྱིངས་ཞུགས་རྣམ་པའི་སློབ་སྦྱོང་བྱེད་སྟངས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་པ་དང་། ལོ་བརྒྱད་བསྟུད་མར་མར་ཁེ་སི་རིང་ལུགས་ཀྱི་གཞོན་ནུའི་གསོ་སྦྱོང་འཛིན་གྲྭ་དང་སློབ་མའི་གུང་གཞོན་ཚོགས་པའི་སློབ་གྲྭ་གཉེར་བ། “སྲོལ་རྒྱུན་དུས་ཆེན་མཉམ་དུ་གཏོང”དང“ངས་ཉེ་འགྲམ་གྱི་བདེ་སྐྱིད་གླེང”ཞེས་པ་སོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་ཏེ། མི་རིགས་ཁག་གི་དགེ་སློབ་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན་སློབ་མ་2000ཙམ་བསྐྱངས་ཡོད་པ་རེད།
ལྗོངས་ཡོངས་ཀྱི་ཕུལ་བྱུང་སྒྲོག་འགྲེལ་པ་ཞིག་ཡིན་པའི་བདེ་ཆེན་ཉི་མས“གཞོན་ནུས་དང་ལེན་ཐུབ་པའི་སྐད་ཆ”དང་ཡིག་རིས་གཉིས་ཀྱི་ཐོག་ནས་ཉེ་འཁོར་གྱི་མི་དང་བྱ་བ་དང་ཟུང་འབྲེལ་གྱིས་སློབ་གྲྭའི་ཕྱི་ནང་དུ་གསོན་ཉམས་དོད་ལ་ངོ་མཚར་ཆེ་བའི་འཆད་ཁྲིད་ཐེངས་ཉི་ཤུ་ལྷག་ཙམ་སྔ་རྗེས་སུ་བྱས་ནས། སློབ་མ་རྣམས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། སློབ་མའི་ཡིད་ཀྱི་ཞིང་སར་ཀྲུང་ཧྭ་ལ་དགའ་ཞེན་བྱེད་པའི་ས་བོན་བཏབ་ཡོད། 2018ལོར་ཁོང་ཀྲུང་གོ་གུང་གཞོན་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་འཐུས་མིར་བདམས་པ་མ་ཟད། གུང་གཞོན་སྡེ་ཚོགས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལའང་འོས་འདེམས་བྱས་པ་རེད། ཁོང་ལ་སྔ་ཕྱིར་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་དུག་རྫས་སྔོན་འགོག་སློབ་གསོའི་ཕུལ་བྱུང་དགེ་རྒན་དང་། བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་སློབ་གསོའི་ལས་དོན་པ། བོད་རང་སྐྱོང་ལྗོངས་ཀྱི་སློབ་ཁྲིད་འཇོན་ཐང་ཅན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་དང་། 2020ལོར་ལྷ་ས་སློབ་འབྲིང་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་ལ“རྒྱལ་ཡོངས་ཀྱི་ལྔ་བཞིའི་དར་དམར་གུང་གཞོན་སྡེ་ཚོགས་ཨུ་ལྷན”གྱི་མཚན་སྙན་ཐོབ་ཡོད།
སློབ་མའི་འཚར་ལོངས་ལ་རམ་འདེཌ་བྱས་པ།
“རྒན་ལགས། དུས་ཆེན་ལ་བཀྲ་ཤིས་བདེ་ལེགས” ལོ་ལྟར་གྱི་དགེ་རྒན་དུས་ཆེན་ཉིན་བདེ་ཆེན་ཉི་མར་འདི་ལྟ་བུའི་སྨོན་ཚིག་མང་པོ་འབྱོར་གྱི་ཡོད། བདེ་ཆེན་ཉི་མས་ཀྱང“སློབ་མ་གཅིག་ཀྱང་བློས་གཏོང་མི་བྱེད་པའི”སློབ་གསོའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་གྱི་ཡོད། འཛིན་བདག་གི་འགན་འཁུར་རིང་། མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཞིག་སྦྱངས་འབྲས་གྲལ་མཐའ་རུ་ལུས་པ་གང་ཞིག སློབ་སྦྱོང་ལ་སུན་སྣང་སྐྱེས་ནས་སློབ་གྲྭར་འགྲོ་མཚམས་བཞག་པ་ཤེས། བདེ་ཆེན་ཉི་མས་དེ་འཕྲལ་སློབ་མ་དེའི་ཁྱིམ་དུ་ཐེངས་མང་བསྐྱོད་དེ་ཆེད་མངགས་སློབ་སྦྱོང་འཆར་གཞི་བཟོས་ནས་སློབ་མ་དེའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱས། དགེ་སློབ་གཉིས་པོའི་ཐུན་མོང་འབད་བརྩོན་འོག སློབ་མ་དེ་མཐར་སློབ་ཆེན་དུ་རྒྱུགས་སྤྲོད་ཡོད། མིག་སྔར། ལོ་ལྟར་གྱི་དགེ་རྒན་དུས་ཆེན་སྐབས་སློབ་མ་དེས་རྒན་ལགས་ལ་བཀའ་དྲིན་ཆེ་ཞུ་བའི་ཁ་པར་གཏོང་གི་ཡོད།
འཛིན་བདག་གི་འགན་འཁུར་རིང་། ཁོང་གིས་སློབ་གསེང་གི་དུས་ཚོད་སྤྱད་དེ་སློབ་མར་འོས་འགན་ཟུར་ཁྲིད་བྱེད་པ་མ་ཟད། གཟའ་འཁོར་རེ་རེར་སློབ་མ་ཚོར་འབྲི་རུ་བཅུག་པའི་འཕྲིན་ཡིག་གི་ཡིག་འབྲུ་ཁྲི་5ལྷག་ཙམ་ཟིན་ཞིང་། ཡིག་འབྲུ་རེ་རེའི་གསེང་ནས་ཁོང་གིས་སློབ་མ་ཚོར་བཅངས་པའི་བརྩེ་བ་ཟབ་མོ་མངོན་ཡོད། ཁོང་གིས་ཁྲིད་པའི་འཛིན་གྲྭའི་མཐོ་རྒྱུགས་ཀྱི་སྦྱངས་འབྲས་ཡག་པོ་ཡོད་པས། དངོས་གཞིའི་ཚན་ཁག་གཙོ་བོར་ཡིག་རྒྱུགས་འཕྲོད་ཚད་ཨང་དང་པོའི་གྲས་སུ་སླེབས་པ་དང་། ཁོང་མི་སྒེར་ལའང་ལོ་མང་བསྟུད་མར“ཕུལ་བྱུང་འཛིན་བདག”གི་མཚན་སྙན་ཐོབ་ཡོད།
2021ལོར། བདེ་ཆེན་ཉི་མས་ས་བབ་སྨི་5000ཟིན་པའི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཐར་མ་ཤང་ཕྱོགས་བཅུ་གྲོང་ཚོར་གྲོང་སྡོད་བྱེད་པར་འགྲོ་རྒྱུའི་རེ་བ་བཏོན། ཁོང་གིས། “ཉིན་རེར་ཚིག་རེའི”སློབ་ཚན་ཐུང་ངུ་བཀོད་སྒྲིག་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་བ་དང་། གཅེས་སེམས་མི་སྣ་དང་འབྲེལ་གཏུག་བྱས་ནས་ཐར་མ་ཤང་སློབ་ཆུང་ལ་སྒོར་ཁྲི་10རི་བའི་དངོས་ཟོག་ཞལ་འདེབས་སུ་ཕུལ་བ་མ་ཟད། གྲོང་ཚོ་རིམ་པའི་བུ་བཅོལ་ཁང་གི་རྣམ་གྲངས་རེ་ཞུ་བདེ་བླག་བྱས་ནས་གྲོང་གསེབ་སློབ་གསོར་གསོན་ཤུགས་བསྣན་ཡོད།
སློབ་ཁྲིད་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱས་པ།
ནང་མིའི་རྒྱབ་སྐྱོར་ཤུགས་ཆེན་འོག བདེ་ཆེན་ཉི་མ་ད་གཟོད་བློ་སེམས་གཅིག་སྒྲིལ་གྱིས་སློབ་གསོའི་བྱ་བར་གཞོལ་ཐུབ་ཡོད། ལོ་བཞི་བསྟུད་མར་མཐོ་འབྲིང་ལོ་རིམ་གསུམ་པར་སློབ་ཁྲིད་བྱེད་རིང་། ཁོང་གིས་དགོངས་པ་ཉིན་གཅིག་ཀྱང་ཞུ་མྱོང་མེད། སློབ་ཁྲིད་སྐབས་ཁོང་གིས“VR+སྐྱེ་དངོས་ཚོད་ལྟ”སོགས་སློབ་གྲྭའི་སློབ་ཚན་གསར་སྤེལ་བྱས་པ་དང་། ཆ་འཕྲིན་གྱི་ལག་རྩལ་སྤྱད་དེ་བློ་རིག་སློབ་ཚན་བཟོས་པར། མཐོ་རྒྱུགས་ཁྲོད་རིག་ཚན་རྐྱང་པའི་ཨང་དང་པོ་ཐེངས་དྲུག་གི་གྲུབ་འབྲས་ཐོབ་ཡོད།
སློབ་དཔྱོད་ཁྱབ་ཁོངས་སུ་ཁོང་གིས་སློབ་ཁྲིད་ཀྱི་དཀའ་གནད་དེ་ཞིབ་འཇུག་བྱ་གཞིར་བརྩིས་ནས། བསམ་གཞིག་གི་དཔེ་རིས་ལ་བརྟེན་ནས་ལེགས་སྒྲིག་བྱས་པའི《མཐོ་འབྲིང་སྐྱེ་དངོས་སློབ་ཚན་གྱི་ཟིན་བྲིས》ཞེས་པའི་བསྐྱར་སྦྱོང་བྱེད་ཐབས་གསར་དུ་བཏོད་པ་དེ་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ཚན་རིག་ཞིབ་འཇུག་གི་ཞིབ་འཇུག་བྱ་གཞིར་རེ་ཞུ་བདེ་བླག་ཐུབ་སྟེ་ལྗོངས་ཡོངས་སུ་ཁྱབ་གདལ་བཏང་ཡོད་པ་རེད།