2025ལོའི་བོད་ཀྱི་རྙིང་པ་གསར་པར་བརྗེ་བའི“རྒྱལ་ཁབ་ཀྱི་ཁ་གསབ”སྲིད་ཇུས་ལོ་ཧྲིལ་པོར་ཁྱབ་པར་བྱེད་རྒྱུ་ཡིན་པ།
ཉེ་ཆར་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི“རྒྱལ་ཁབ་ཀྱི་ཁ་གསབ”གནས་སྐབས་མཚམས་འཇོག་པའམ་ལེགས་སྒྲིག་བྱེད་པའི་སྐོར་ལ་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། དེར་བརྟེན་གསར་འགོད་པས་ཆེད་མངགས་འབྲེལ་ཡོད་སྡེ་ཚན་ལ་བཅར་འདྲི་བྱས་པར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་བོད་ཀྱི་རྙིང་པ་གསར་པར་བརྗེ་བའི“རྒྱལ་ཁབ་ཀྱི་ཁ་གསབ”སྲིད་ཇུས་འདི་ལོའི་ཟླ་12ཚེས་31ཉིན་བར་སྟེ། ལོ་ཧྲིལ་པོར་ཁྱབ་པར་བྱེད་རྒྱུ་ཡིན་ཞེས་ལན་གསལ་པོ་བཏབ་ཡོད།
འདི་ལོ་རྒྱལ་ཁབ་ཀྱིས་ཁག་གཉིས་སུ་དབྱེ་ནས་བོད་ལ“རྒྱལ་ཁབ་ཀྱི་ཁ་གསབ”མ་དངུལ་བསྡོམས་སྒོར་དུང་ཕྱུར་5སྤྲད་དེ་འཛད་ཟོག་དང་། ས་མཐོའི་ཐབ་ཆས། འགྲིམ་འགྲུལ་ཁྱབ་ཁོངས་སོགས་ཀྱི་རྙིང་པ་གསར་པར་བརྗེ་བའི་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད། ཟླ་6ཚེས་11ཉིན་བར་བོད་ཀྱིས“རྒྱལ་ཁབ་ཀྱི་ཁ་གསབ”མ་དངུལ་སྒོར་དུང་ཕྱུར་2.32སྤྱད་དེ་འཛད་སྤྱོད་སྒོར་དུང་ཕྱུར་13.13ཐད་ཀར་སྐུལ་ཁྲིད་བྱས་པ་ལས། སྲིད་ཇུས་ཀྱིས་འཛད་སྤྱོད་ཁྲོམ་རར་སྐུལ་ཁྲིད་བྱེད་པའི་དགེ་མཚན་གང་ལེགས་མངོན་ཡོད།
འཛད་སྤྱོད་པ་དེ་བས་མང་པོས“རྒྱལ་ཁབ་ཀྱི་ཁ་གསབ”སྲིད་ཇུས་ཀྱི་ཕན་པ་ལོངས་སྤྱོད་ཐུབ་པ་བྱ་ཆེད། བོད་ཀྱིས་ལོ་འགོ་ནས་བཟུང་ཚོང་ཁང་ནས་དངོས་ཟོག་ཉོས་ཚེ་འཕྲལ་མར་རིན་གོང་གཅོག་པའི་བྱེད་ཐབས་བཏོན་ཏེ། འཛད་སྤྱོད་པས་དངུལ་སྤྲོད་སྐབས་འབྲེལ་ཡོད་གཟིགས་སྐྱོང་ཐད་ཀར་ལོངས་སྤྱོད་ཐུབ་པ་བྱས་ནས“འཛད་སྤྱོད་བྱས་མ་ཐག་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ”བྱུང་ཡོད།
གཞན་ཡང་རང་སྐྱོང་ལྗོངས་ཀྱིས་ལྷན་སྦྱར་གྱི་ནོར་སྲིད་མ་དངུལ་སྒོར་ཁྲི་4700ལྷག་ཙམ“རྒྱལ་ཁབ་ཀྱི་ཁ་གསབ”མ་དངུལ་དང་མཉམ་དུ་དོན་འཁྱོལ་གྱིས་སྲིད་ཇུས་ལས་ཕན་པ་ཐོབ་ཚད་སྔར་བས་ཆེ་རུ་བཏང་ནས་མང་ཚོགས་དེ་བས་མང་པོར་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད། རང་སྐྱོང་ལྗོངས་ཀྱིས་ཉིན་ལྟར་ལྟ་སྐུལ་དང་། གཟའ་འཁོར་རེར་བཀོད་གཏོང་། ཟླ་རེར་སྙན་ཞུ་སོགས་ཀྱི་རྣམ་པ་བརྒྱུད་ཁྱབ་ཁོངས་ཁག་གི“རྒྱལ་ཁབ་ཀྱི་ཁ་གསབ”མ་དངུལ་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མ་དངུལ་འཛད་སྤྱོད་པའི་ལག་ཏུ་ཐད་ཀར་འབྱོར་ནས་དེ་ལས་འཛད་སྤྱོད་ལ་སྐུལ་ཁྲིད་དང་དམངས་འཚོ་ལེགས་སུ་གཏོང་བའི་ནུས་པ་དངོས་སུ་ཐོན་པར་བྱས་ཡོད།
འཛད་སྤྱོད་པ་ཁག་གཅིག་གིས་སེམས་ཁྲལ་བྱེད་བཞིན་པའི་རིན་གོང་འཕར་ཆག་གི་འགྱུར་ལྡོག་དང་སྒྲིག་འགལ་ངང་ཁ་གསབ་གཡོ་ལེན་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་གྱིས། སྐབས་བསྟུན་རིན་སྤོར་དང་། ཁེ་ལས་དང་མི་སྒེར་གྱིས་སྒྲིག་འགལ་ངང་ཁེ་བཟང་ཟ་བ། ཁ་གསབ་གཡོ་ལེན་བྱེད་པ། ལོག་ཚོང་རྒྱག་པ་སོགས་ཀྱི་བྱེད་སྤྱོད་འགོག་ཟོན་ནན་པོ་བྱ་རྒྱུ་ཡིན་ལ། ཚོང་པས་མི་བདེན་རྫུན་སྒྲིག་གིས་ཁ་གསབ་གཡོ་ལེན་བྱས་པའི་རིགས་ལ་སྤྲད་ཟིན་པའི་ཁ་གསབ་དངུལ་བསྡུ་རྒྱུ་མ་ཟད། ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་སྲིད་ཇུས་དྲང་བདེན་དང་དྲང་གཞག་ལག་བསྟར་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་ཁ་གསལ་བརྗོད་ཡོད།
མིག་སྔར། བོད་ཀྱིས་རྙིང་པ་གསར་པར་བརྗེ་བའི“རྒྱལ་ཁབ་ཀྱི་ཁ་གསབ”སྲིད་ཇུས་ཀྱིས་སྔར་བཞིན་ནུས་པ་བཏོན་ནས་འཛད་སྤྱོད་པར་དངོས་དངོས་རྗེན་རྗེན་གྱི་གཟིགས་སྐྱོང་དང་སྟབས་བདེ་སྐྲུན་བཞིན་ཡོད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་འདོམས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། སྲིད་ཇུས་དྲང་བདེན་དང་དྲང་གཞག་ངང་ལག་ལེན་བསྟར་ཐུབ་པ་དང་འཛད་སྤྱོད་པ་ཚང་མས་སྲིད་ཇུས་ཀྱི་ཕན་པ་དངོས་འབྲེལ་ལོངས་སུ་སྤྱོད་ཐུབ་པ་བྱས་ནས་བོད་ཀྱི་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་གསར་པ་སྣོན་རྒྱུ་ཡིན་ཞེས་བརྗོད།