ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་བ་དང་རྩོད་གཞི་སེལ་སའི“མཐའ་མའི་ས་ཚིགས”བཏོད་པ།
ད་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། “ཏང་ཨུད་ཀྱིས་སྤྱི་འདོམས་དང་། སྡེ་ཚན་གྱིས་མཉམ་སྒུལ། སྤྱི་ཚོགས་ཀྱིས་ཐེ་ཞུགས”བཅས་བྱེད་པའི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་ཉིད་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་འདུན་ལ་རྒྱུས་ལོན་དང་། འགལ་བ་དང་རྩོད་གཞི་སེལ་སའི“དབང་རྩའི་ལྟེ་བར”བསྐྲུན་ནས། གཞི་རིམ་བཅོས་སྐྱོང་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།
སྒོ་གཅིག་ལས་འཛུལ་དགོས་མེད་པ།
“མང་ཤོས་ལའང་གནས་གཅིག་ཏུ་མ་གཏོགས་སྐྱོད་མི་དགོས་པར”བྱས་པ།
ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་སྐྱོད་སྐབས། སྣེ་ལེན་ཚོམས་ཆེན་རྒྱ་ཆེ་ལ་དཀར་ཆ་དོད་ཅིང་། སྟབས་བདེ་ལ་ཁ་གསལ་བའི་ལམ་སྟོན་མཚོན་རྟགས་མཐོང་བ་ཙམ་གྱིས་གང་དུ་སྐྱོད་དགོས་མིན་དེ་མ་ཉིད་དུ་ཤེས་པ་མ་ཟད། གཡོན་ངོས་ཀྱི་འཆར་ཤེལ་ཐོག་ནས་འདི་གར་ཡོང་དོན་སྐོར་གྱི་ཆ་འཕྲིན་དང་གྱོད་གཞིའི་སྐོར་གྱི་ཆ་འཕྲིན་རེས་མོས་ཀྱིས་བསྟན་པ་དང་། གཞི་གཅིག་ཅན་གྱི་སྒོ་འབྱེད་བདག་སྤྲོད་སྐར་ཁུང་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་འདུག
ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་བདེ་སྐྱིད་སྒྲོལ་མས། “ཁྱིམ་ཚང་གི་རྩོད་གླེང་དང་། དཔལ་འབྱོར་གྱི་རྩོད་གཞི། ཡང་ན་ཁྱིམ་མཚེས་ཀྱི་འགལ་ཟླ་གང་ཡིན་རུང་། འདི་གར་ཡོང་ཐེངས་གཅིག་གིས་ཐག་གཅོད་ཐུབ་ཀྱི་ཡོད”ཅེས་བརྗོད།
ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། གཏུག་བཤེར་ཞབས་ཞུ་དང་། ཞིབ་དཔྱོད་ཞབས་ཞུ། བཅའ་ཁྲིམས་ཞབས་ཞུ། ཡིག་འབུལ་ཞུ་བཅར་སྣེ་ལེན་བཅས་ཀྱི་བྱེད་ནུས་ཆེན་པོ་བཞི་གཅིག་ཏུ་བསྡུ་སྒྲིལ་བྱས་པར་མ་ཟད། འགལ་བ་དང་རྩོད་གཞིའི་ཕྱོགས་བསྡུས་འདུམ་འགྲིག་ཁང་དང་། ངལ་རྩོལ་འདུམ་གཅོད་ཁྲིམས་ས། སྟབས་བདེའི་གྱོད་གཞིའི་མྱུར་སྒྱུབ་ཁྲིམས་ས་སོགས་ཁྱད་ལྡན་བྱེད་ནུས་ཁང་བཙུགས་པར། “1+N”སྣ་མང་རྩོད་གཞི་འདུམ་འགྲིག་བྱེད་སྟངས་ཆགས་ཏེ། མང་ཚོགས་ཀྱི་རེ་འདུན་དག“སྒོ་གཅིག་ནས་གཉེར་ཆོག་པ་དང་། སྡེབ་གཅིག་ལ་བདག་སྤྲོད། གཅིག་འཐུས་འདུམ་གཅོད”བཅས་དངོས་འབྲེལ་མངོན་འགྱུར་དང“གནས་གཅིག་ནས་ཐག་གཅོད་ཐུབ་པར”བྱས་ཡོད།
2024ལོའི་ཟླ་8པར། ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་རིམ་གཉིས་ཀ་སྤར་བ་དང་ཆབས་ཅིག དམངས་བདེ་དམངས་ཕན་གྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་ཤར་བགྲོད་ལམ་བུ་དང་། ངལ་གསོ་རྒྱག་ཁུལ། རང་འགུལ་ཞབས་ཞུའི་མཐའ་སྣེ་སོགས་ཀྱི་ལེ་ལག་རྟ་སྒ་ཆ་སྒྲིག་ངང་བསྐྲུན་པ་དང་། 《འགལ་བ་དང་རྩོད་གཞི་སེལ་བའི་ཚད་ལྡན་ཅན་གྱི་བརྒྱུད་རིམ》གཏན་འཁེལ་བྱས་ཏེ། “སྐར་ཁུང་གཅིག་ནས་བདག་སྤྲོད་དང་། དྲ་བ་གཅིག་ནས་ཁག་བགོས། མ་གྲུབ་བར་དུ་རྗེས་སྙེག ས་ཚིགས་གཅིག་ནས་ཐག་གཅོད་བྱེད་པ”བཅས་ཀྱི་ལས་ཀ་བྱེད་སྟངས་ལག་ལེན་བསྟར་བ། མཚོན་རྟགས་གཅིག་གྱུར་དང་ཚད་ལྡན་དུ་བཏང་བ་དང་སྦྲགས། བདག་སྤྲོད་ཁུལ་དང་། སྣ་མང་འདུམ་འགྲིག་ཁུལ། བཀོད་འདོམས་བཀོད་གཏོང་ཁུལ་སོགས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ཏེ། མང་ཚོགས་ཀྱིས“དོན་དག་གཅོད་སའི་སྒོ་རྙེད་པ་དང་དོན་དག་སྒྲུབ་ཐུབ་པའི”འགན་ལེན་བྱས་ཡོད།
སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།
མཉམ་འདུམ་མཉམ་བཅོས་བྱས་ནས་དམངས་ཀྱི་སེམས་ཁྲལ་བསལ་བ།
ད་ལོའི་ཟླ་3ཚེས་9ཉིན། བཟོ་པ་ཏའེ་ཆེ་གེ་མོར་ལས་ཡུལ་ནས་རྨས་སྐྱོན་ཕོག་ཅིང་། ཀུང་སི་དང་སྐྱིན་གསབ་ཀྱི་གནད་དོན་སྐོར་གྲོས་མོལ་བྱས་ཀྱང་རེ་འབྲས་དོན་དུ་མ་སྨིན་སྟབས། ཁོ་པས་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བསྐྱོད་དེ་རོགས་སྐྱོར་གནང་རོགས་ཞུས་པ་རེད།
ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འཕྲལ་དུ་མཉམ་འགུལ་ལམ་སྲོལ་སྤྱོད་འགོ་བཙུགས་ཤིང་། མི་དམངས་འདུམ་འགྲིག(བཅའ་ཁྲིམས་བློ་འདྲི)སྐར་ཁུང་དང་གཏུག་བཤེར་ཞབས་ཞུའི་སྐར་ཁུང་གིས་མཉམ་དུ་ཤུགས་བརྒྱབ་ནས། ཕྱོགས་གཉིས་པོའི་དབར་རང་མོས་འདུམ་འགྲིག་གི་གྲོས་མཐུན་འཇོག་པར་སྐུལ་འདེད་བཏང་བ་རེད། ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་ཀྲའོ་ཆེ་གེ་མོས་ཏའེ་ཆེ་གེ་མོར་མི་ལུས་གནོད་འཚེའི་སྐྱིན་གསབ་དངུལ་སྒོར་ཁྲི་2.1སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ་བྱས་པ་རེད།
ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས“རྒྱུན་དུ་བཅའ་སྡོད་དང་། རེས་མོས་བཅའ་སྡོད། སྐབས་བསྟུན་བཅའ་སྡོད” བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། སྲིད་ཁྲིམས་དང་། ཡིག་འབུལ་ཞུ་བཅར། མི་སྤྱི་སོགས་སྡེ་ཚན་གྱི་ལས་སྒོའི་རྐང་འཛིན་མི་སྣ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་རྒྱུན་དུ་བཅའ་སྡོད་བྱེད་པར་སྤྱི་འདོམས་བྱས་པ་དང་འབྲེལ། དགོས་མཁོ་ལྟར་སྐབས་བསྟུན་ལེགས་སྒྲིག་ཀྱང་བྱས་པ་དང་། ངལ་རྩོལ་རྩོད་གཞི་དང་གཉེན་སྒྲིག་རྩོད་གཞི་སོགས་ཐོན་མང་བའི་གྱོད་གཞིར་དམིགས་ནས“གྱོད་གཞི་གཅིག་ལ་ཆེད་སྒྲུབ་ཚན་ཁག་གཅིག” གི་ལམ་སྲོལ་བཙུགས་ཏེ། ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད་དང་མི་སྤྱི་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱིས་མཐུན་སྦྱོར་བྱས་ནས་མཉམ་དུ་འདུམ་འགྲིག་ཐག་གཅོད་བྱེད་པ། འདུམ་འགྲིག་དྲ་རྒྱ་ཚགས་དམ་དུ་བཏང་ནས་ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། ཉེན་རྟོག་དཔོན། ཆེད་གཉེར་འདུམ་འགྲིག་པ། དྲ་མིག་པ་བཅས་ཡོངས་ལ་ཁྱབ་པ་དང་། འདུམ་འགྲིག་རྩ་འཛུགས་77དང་ཆེད་གཉེར་དང་ཞར་བྱུང་འདུམ་འགྲིག་པ་506གི་སྟོབས་ཤུགས་སྤྱི་འདོམས་བྱས་ནས། སྣ་མང་མཉམ་གཅོད་ཀྱི་མཉམ་འབྲེལ་འདུམ་འགྲིག་རྣམ་པ་ཞིག་ཆགས་པར་བྱས་ཡོད།
གྲངས་གཞི་ལས་ཕན་འབྲས་མངོན་པ་སྟེ། ཁྲེང་ཀོན་ཆུས་དང་ཁྲོམ་གཞུང་རིམ་པ་གཉིས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཙུགས་ཚུན། རིམ་རྩིས་བརྒྱབ་ན། འགལ་བ་དང་རྩོད་གཞི་ཁག་1207བདག་སྤྲོད་བྱས་པར་འབྲེལ་ཡོད་དངུལ་གྲངས་སྒོར་ཁྲི་1858ཟིན་ཡོད་པ་རེད།
མཐའ་སྣེ་གཅིག་ཏུ་མཐུད་པ།
བློ་གྲོས་ལ་བརྟེན་ནས་རྩོད་གཞི་སེལ་བའི་ལག་ལེན་གསར་པ།
ད་ལོའི་ཟླ་4པར། ཚོང་སྒྱུར་ཁང་པ་ཉོ་ཚོང་གན་རྒྱའི་རྩོད་གཞི་བྱུང་བའི་དོ་བདག་གཅིག་གིས་ཧ་ལས་མདོག་ངང་། “ངོ་ཐུག་གདོང་འཕྲད་མི་དགོས་པར་བརྙན་ལམ་བརྒྱུད་རྩོད་གཞི་ཐག་གཅོད་ཐུབ་པས། དངོས་གནས་བསམ་ཡུལ་ལས་འདས་སོང”ཞེས་བརྗོད། ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས“སྣ་མང་འདུམ་འགྲིག”གི་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་བརྒྱུད། དོ་བདག་ཕྱོགས་གཉིས་པོས་བརྙན་ལམ་སྦྲེལ་མཐུད་དང་། དཔང་འདོན་ར་སྤྲོད། གྲོས་མཐུན་བཞག་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་སྒྲ་ཕབ་དང་བརྙན་ཕབ་བྱས་པར་ཕན་འབྲས་ཆེ་ལ་སྟབས་བདེ་པོ་བྱུང་ཡོད།
འདི་ནི་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བློ་རིག་འདུམ་སེལ་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་གྲངས་འཛིན་ཅན་གྱི་སྒྱུར་བཅོས་སྒུལ་ཤུགས་སུ་བྱས་ཤིང་། ཁྲིམས་ཁང་གི་འདུམ་འགྲིག་ལས་སྟེགས་དང་བོད་ལྗོངས་ཀུན་གསལ་འདུམ་གཅོད་སོགས་ཀྱི་ལས་སྟེགས་བརྒྱུད། འགལ་བ་དང་རྩོད་གཞི“དྲ་ཐོག་ནས་རེ་ཞུ་དང་། རྒྱང་རིང་ནས་འདུམ་འགྲིག དྲ་ཐོག་ནས་སྐྱེལ་སྤྲོད”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་ཆོག་པར་བྱས་ཡོད། མིག་སྔའི་བར། མི་ཐེངས་ཁྲི་1.3ལྷག་ཙམ་ལ་དྲ་ཐོག་ནས་ཞབས་འདེགས་ཞུས་ཡོད་པ་རེད།
ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་གཉེར་སྐྱོང་ལ་“འཕར་ཆག་གསུམ”གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། བདེ་འཇགས་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་9.4%ཆག་པ་དང་། གཏུག་བཤེར་གྱོད་སྒྲུབ་དུས་ཡུན་ཉིན་30ལྷག་ཙམ་ཐུང་དུ་ཕྱིན་པ། ཡིག་འབུལ་ཞུ་བཅར་ལ་བསྒྱུར་ནས་གཉེར་བའི་གྱོད་གཞི་17%ཆག་པ། འགལ་བ་དང་རྩོད་གཞི་སེལ་ཚད་85%བར་འཕར་བ། འདུམ་འགྲིག་བྱེད་ཡུལ་གྱི་མང་ཚོགས་བློ་ཡིད་ཚིམ་ཚད་95%བར་འཕར་བ། སྡེ་ཚན་དབར་མཐུན་སྦྱོར་བྱས་པའི་ལས་ཆོད་ལྡབ་3འཕར་ཡོད།
བདེ་སྐྱིད་སྒྲོལ་མས། “ང་ཚོའི་དམིགས་ཡུལ་ནི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པའི་འགལ་བ་དང་རྩོད་གཞི་སེལ་སའི‘མཐའ་མའི་ས་ཚིགས”སུ་དངོས་འབྲེལ་འགྱུར་བ་བྱ་རྒྱུ་དེ་ཡིན”ཞེས་བརྗོད། (སྤེན་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)