མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད། བདེ་སྐྱིད་འབྲས་བཟང་ལྷག་པར་སྨིན།
—— མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི“ལྷ་སའི་ལག་ལེན”
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རྒྱུན་མཐུད་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་ཧྭ་མི་རིཌ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ནས། མི་རིཌ་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་གཏོད་དང་སྐུལ་འདེད་བཏང་སྟེ་བོད་ཀྱི་ཁྱད་ཆོས་དང་ལྷ་སའི་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ཐབས་ལམ་གསར་པ་ཞིག་ཏུ་བསྐྱོད་ཡོད་པ་རེད།
ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་མཉམ་ཤུགས་བསྒྲིལ་ཏེ། མི་རིགས་ལས་དོན་གྱི“བཀོད་པ་ཆེན་པོ”བཏོད་པ།
ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གྱི་ཆེད་དོན་ཚོགས་ཆུང”གཞུང་ལས་ཁང་དུ་སྐྱོད་སྐབས། གྱང་ངོས་ཀྱི《2024ལོའི་འཛུཌ་གཏོད་ལས་དོན་གྱི་སྐུལ་སྤེལ་དཔེ་རིས》ཧ་ཅང་མངོན་གསལ་དོད་པ་སྟེ། ཁོངས་མིའི་ཚན་པ49ཡི་ལས་འགན་གསལ་ཐོ་དང་མྱུར་ཚད་ཀྱི་དོན་ཚན་གསལ་ལེར་མཐོང་ཐུབ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་མི་རིགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དེ་འདུ་འགོད་གཙོ་བོར་བརྩིས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་ཁུར་བའི“ཁུལ་གསུམ་དང་མཐོ་ས་གཅིག”གི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་དེའི་གཤམ་འོག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གྱི་ཆེད་དོན་ཚོགས་ཆུང་བཙུགས་ཏེ་ཁོངས་མིའི་ཚན་པ་47ལ་སྤྱི་འདོམས་བྱས་ནས་མཉམ་དུ་ཤུགས་བརྒྱབ་པ་དང་། གྲོང་ཁྱེར་ཡོངས་ཀྱིས་ལོ་ལྟར་མི་རིགས་མཐུན་སྒྲིལ་ལ་སྤྱོད་པའི་གྲོན་དངུལ་སྒོར་ཁྲི་8200ལྷག་ཙམ་ཟིན་པས“ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྡེ་ཚན་མཉམ་འགུལ། སྤྱི་ཚོགས་ཡོངས་ཞུགས་པ”བཅས་ཀྱི་ལས་ཀའི་མ་ལག་ཅིག་གྲུབ་ཡོད།
རིག་གནས་སྦྲང་ཆར་གྱིས་མོས་སེམས་བསྐྱངས་ཏེ། བསམ་པའི་ཁྱིམ་གཞིས་ཀྱི“ལྟེ་མཐུན་སྒོར་དབྱིབས”བྲིས་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་རིག་གནས་འབྲེལ་ཐག་ཏུ་བྱས་ཏེ“མོས་སེམས་ལྔ”ཟབ་གཏོང་གི་འདུ་འགོད་ལག་བསྟར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནང་སེམས་རྒྱུད་ལ་འཇགས་པར་སྐུལ་འདེད་བཏང་བ་རེད།
སློབ་གསོ་སྔོན་ལ་ལག་བསྟར་གྱིས་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་བཏང་ཞིང་། ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་མཛུབ་ཁྲིད་ཨུ་ལྷན་བཙུགས་ཏེ《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྐོར་གྱི་སྤྱི་བཤད》ཀྱི་སློབ་ཚན་བཙུགས་པ་དང་། “སྤྲིན་རྩིས་རྟེན་མཛོད་ཁང”དང“པེ་ཅིང་དང་བོད་ལྗོངས་ཀྱི་འཕྲིན་བསྐུར་གྲོགས་སྒྲིག”སོགས་ཀྱི་སྤུས་རྟགས་བྱེད་སྒོ་གཉེར་ནས་དགེ་སློབ་ཁྲི་4ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ལག་ལེན་རྟེན་གཞི་དེ་བོད་ཀྱི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་རྟེན་གཞི”ཐོག་མར་གྱུར་ནས་ལོ་ལྟར་སློབ་མ་6000ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཞིབ་སྦྱོང་བྱེད་སྒོ་སྤེལ་བཞིན་ཡོད།
རིག་གནས་ཀྱི་མཐུན་རྐྱེན་སྦྱར་ནས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་ཅིང་། “མི་རིགས་མཐུན་སྒྲིལ་བུམ་པའི”སྒོར་གཞས་འགྲན་བསྡུར་ཆེན་པོ་དང་བོད་ཀྱི་མིག་མངས་འགྲན་བསྡུར་སོགས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ལོ་རེར་ཐེངས་9400ལྷག་ཙམ་གཉེར་ནས་མི་ཐེངས་ཁྲི་བརྒྱ་ཙམ་ལ་ཁྱབ་ཡོད། 2025ལོར་པེ་ཅིང་དུ་གཉེར་བའི《ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང(པེ་ཅིང་བོད་སོག་སློབ་གྲྭའི་གནས་རྙིང)གི་2025ལོའི་དུས་ཐེངས་གཉིས་པའི་ཉམས་ལེན་རྣམ་གྲངས་ཀྱི་རེས་འཁོར་འགྲེམས་སྟོན》གྱི་འགྲེམས་སྟོན་བྱེད་སྒོ་ཐོག་མར་ཐང་ག་དང་སྤོས་སྦྱོར་སོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་ལེན་རྣམ་གྲངས་ཁག་16ལ་ལྟད་མོ་བ་ཁྲི་ཕྲག་ཁ་ཤས་ཞུགས་ཤིང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”བའི་མཛའ་གྲོགས་ཟབ་མོ་གསོན་ཉམས་དོད་པོས་མངོན་ཡོད།
འགྲོ་འོང་མཉམ་འདྲེས་ལས་ཞི་མཐུན་ལ་སྐུལ་འདེད་བཏང་སྟེ། མཐུན་སྒྲིལ་འཕེལ་རྒྱས་ཀྱི“རམ་འདེགས་རོལ་དབྱངས”དཀྲོལ་བ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁྱེར་གྱི་ས་བབ་ཀྱི་བཟང་ཆ་དང་བོད་སྐྱོར་གྱི་བཟང་ཆ་གང་ལེགས་བཏོན་ཞིང་། མཐུན་རྐྱེན་ཧུར་ཐག་སྦྱར་ནས་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕྱོགས་གཉིས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པ་དང་། སྒོ་དབྱེར་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ལ་བརྟེན་ནས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ། མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཁྱོན་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་བཏང་ཡོད།
2024ལོར་པེ་ཅིང་དང་ཅང་སུའུ་ཡིས་ལྷ་སར་ཁ་གཏད་རོགས་སྐྱོར་སྒོར་དུང་ཕྱུར་7.6བྱས་པ་དང་། རྣམ་གྲངས་120ལག་བསྟར་བྱས་པ། སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་གླིང་སོགས་དམངས་འཚོའི་ལས་གྲྭ་ཁག་གཅིག་བསྐྲུན་པས་བོད་སྐྱོར་མཉམ་ལས་ཀྱིས“སེམས་སྦྲེལ་ཟམ་པ”བཙུགས་པ་དང་། ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཤིས་ཨན་དང་ནན་ཉིང་སོགས་གྲོང་ཁྱེར་མང་པོ་དང་ས་ཁོངས་ལས་བརྒལ་བའི་མཉམ་ལས་གྲོས་མཐུན་བཞག་སྟེ“318·མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྱམས་རིང་མནའ་འབྲེལ”བཙུགས་ནས་ས་ཁོངས་ལས་བརྒལ་བའི་མཉམ་འགུལ་གྱི་ལས་ཀའི་དྲ་རྒྱ་གྲུབ་ཡོད།
གངས་ལྗོངས་ས་མཐོ་ནས་རྒྱལ་ས་པེ་ཅིང་བར་དང་ལོ་རྒྱུས་ཁྲོམ་གཞུང་ནས་དེང་རབས་ཚོང་ཁང་བར། ལྷ་ས་གྲོང་ཁྱེར་གྱིས་མཐོང་ཐོས་དྲན་རེག་ཡོད་པའི་བྱེད་ཐབས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་སྐལ་བཟང་མེ་ཏོག་བཞིན་དུ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་རྩ་བ་ཚུགས་པར་བྱས་ཡོད། འབྱུང་འགྱུར་ལྷ་སས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་པ་མུ་མཐུད་རྩོམ་ངེས་རེད།