“སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”ཡི་འགག་རྩ་ནི་མཉམ་འབྲེལ་ལ་ཐུག་ཡོད།
སློབ་གསོ་བ་གྲགས་ཅན་ཐའོ་ཤིན་ཀྲིས་འཚོ་བ་ནི་སློབ་གསོ་ཡིན་ཞེས་གསུངས་མྱོང་། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ནི་བྱིས་པའི་འཚོ་བ་སྐྱེལ་ས་གལ་ཆེན་ཡིན་པས། བྱིས་པར་སྲུང་སྐྱོང་བྱས་ནས་བདེ་ཐང་ངང་འཚར་ལོངས་ཡོང་དགོས་ན། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་མཉམ་དུ་བྱིས་པ་ཚོར་བདེ་སྐྱིད་དང་འཆམ་མཐུན་གྱི་བྱིས་དུས་ཀྱི་འཚོ་བ་གཏོད་དགོས།
སློབ་གསོ་པུའུ་སོགས་སྡེ་ཚན་17གྱིས《ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་གི“སློབ་གསོའི་མཉམ་འབྲེལ་སྒྲིག་གཞིའི”ལས་དོན་ཇུས་གཞི》མཉམ་དུ་བཀྲམ་པའི་ནང་། ས་གནས་ཁག་གིས་ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་གི“སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”ཁྱོན་ཡོངས་ནས་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། 2025ལོར་སླེབས་སྐབས་རྫོང་50%རུ“སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”འཛུགས་ཐུབ་པ་དང་། 2027ལོར་སླེབས་སྐབས་རྫོང་ཚང་མར“སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”ཁྱོན་ཡོངས་ནས་འཛུགས་ཐུབ་རྒྱུའི་བརྩོན་ལེན་བྱ་དགོས་ཞེས་བཏོན་ཡོད་པ་རེད། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་ཟེར་བ་ནི་འབོད་ཚིག་ཙམ་མིན། “སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”ཞེས་པ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བདེ་ཐང་དང་བདེ་སྐྱིད་ངང་འཚར་ལོངས་ཡོང་རྒྱུ་དམིགས་ཡུལ་དུ་བྱས་ཐོག་སློབ་གྲྭས་ལྟེ་བ་དང་། ས་ཁོངས་ཀྱིས་གཙོ་བོ། ཐོན་ཁུངས་ཀྱིས་སྦྲེལ་ཐག་བཅས་བྱས་ཏེ། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱི་མཉམ་ལས་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བའི་ལས་ཀ་བྱེད་སྟངས་ཤིག་ཡིན་པས། ཕྱོགས་མང་པོའི་མི་སྣ་གསོ་སྐྱོང་གི་སྟོབས་ཤུགས་གཅིག་སྡུད་ནུས་ལྡན་བྱ་རྒྱུར་རྒྱུན་རྣམ་ཅན་གྱི་ལས་སྟེགས་མཁོ་འདོན་བྱེད་ཐུབ་རྒྱུ་རེད།
“སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”ཇི་ལྟར་བྱས་ནས་མཉམ་འབྲེལ་བྱེད་དགོས་པ་དང་། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཕྱོགས་གསུམ་གྱི་འགན་དབང་ཇི་ལྟར་བྱས་ནས་ཁ་གསལ་བཟོ་དགོས་སམ་ཞེ་ན།
ཐོན་ཁུངས་བསྡུ་སྒྲིལ་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་ཁོར་ཡུག་རྒྱ་སྐྱེད་དགོས་ཤིང་། མི་སྣ་གསོ་སྐྱོང་གི་ཐོན་ཁུངས་ནི་སློབ་གསོའི་བྱེད་སྒོ་སྤེལ་བའི་རྨང་གཞི་གལ་ཆེན་ཞིག་ཡིན། མིག་སྔར། ས་གནས་ཁ་ཤས་ཀྱིས་མི་སྣ་གསོ་སྐྱོང་གི་ཐོན་ཁུངས་བསྡུ་སྒྲིལ་དང་བེད་སྤྱོད་བྱེད་པའི་ཐད“ཡོད་ཀྱང་མི་ཤེས་པ་དང་། ཤེས་ཀྱང་མི་སྤྱོད་པ། སྤྱད་ཀྱང་ཕན་འབྲས་ལེགས་པོ་མི་ཐོན་པ”བཅས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། “སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”འཛུགས་སྐྱོང་བྱེད་པར་ཐོན་ཁུངས་དེ་འབྲེལ་ཐག་ཏུ་བརྩིས་ཐོག་སློབ་ཕྱིའི་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི། མཐའ་འཁོར་གྱི་མཐོ་སློབ་དང་ཁེ་ལས་སོགས་སོ་སོའི་འགན་ནུས་དང་འགན་འཁྲི་ལྟར་སློབ་གྲྭའི་ཕྱི་ནང་དང་། དྲ་ཐོག་དང་དྲ་ཕྱི། གཏན་འཇགས་དང་སྐོར་སྐྱོད་བཅས་ཀྱི་ཕྱོགས་བསྡུས་ཅན་གྱི་མི་སྣ་གསོ་སྐྱོང་གི་ཐོན་ཁུངས་མཛོད་ཆགས་པར་བྱས་ནས། ཐོན་ཁུངས་སྐུལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས་ཡོད་པ་རེད།
གནད་དོན་ཕྱོགས་སྟོན་ལ་བརྟེན་ནས་མཉམ་ལས་ཀྱི་དཀའ་ངལ་སེལ་དགོས་ཤིང་། ཉེ་བའི་ལོ་ཤས་རིང་། གཞོན་ནུ་ལོ་ཆུང་ཁྲོད་དུ་མིག་ཤེལ་རྒྱག་མཁན་དང་རྒྱགས་པ་སོགས་ཉིན་རེར་མང་དུ་འགྲོ་བཞིན་ཡོད་པ་དང་། སློབ་གྲྭའི་ཕྱི་ནང་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་དྲ་རྒྱའི་ཁོར་ཡུག་ངན་པ་བཅོས་སྒྲིག་སོགས་ནི་ཐོག་མཐའ་བར་གསུམ་དུ་ཁྱིམ་བདག་ཚོས་དོ་སྣང་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། གནད་དོན་འདི་ཐག་གཅོད་བྱེད་པར་ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱས་ཐོག་ཞིབ་ཕྲའི་ལས་དོན་དང་བྱ་སྤྱོད་ལ་བརྟེན་ནས་མཉམ་ཤུགས་བསྒྲིལ་ཏེ་མི་སྣ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱེད་དགོས། དཔེར་ན། པེ་ཅིང་གྲོང་ཁྱེར་དུ། སློབ་མ་ཚོ་སློབ་གྲྭར་ཕར་འགྲོ་ཚུར་འོང་བྱེད་བདེ་པོ་དང་བདེ་འཇགས་ཡོང་ཆེད། འགྲིམ་འགྲུལ་སྡེ་ཚན་གྱིས་སློབ་གྲྭའི་ཕྱོགས་སུ་སྐྱོད་པའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ལེགས་སུ་བཏང་བ་ལྟ་བུ་དང་། བྱིས་པའི་སེམས་ཁམས་བདེ་ཐང་འགན་ལེན་བྱ་ཆེད། སྨན་ཁང་དང་སློབ་གྲྭས་མཉམ་དུ་སེམས་ཁམས་བདེ་ཐང་སྐོར་གྱི་ཆེད་དོན་ལེ་ཚན་ཕབ་ལེན་དང་སེམས་སྐྱིད་འཆད་ཁྲིད་ཆེ་མོ་གཉེར་བ་སོགས་ལ་ཁྱིམ་བདག་གི་དགའ་བསུ་ཐོབ་ཡོད། འདི་དག་ཚང་མས་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི“སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”ཡི་ལག་ལེན་གྱི་དོན་སྙིང་ལ་གསོན་ཉམས་དོད་པའི་འགྲེལ་བཤད་བརྒྱབ་ཡོད།
གཞན་ཡང་། ལམ་སྲོལ་གསར་གཏོད་ལ་བརྟེན་ནས་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། “སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”འཛུགས་པའི་དམིགས་ཡུལ་ནི་སྲིད་གཞུང་གིས་སྤྱི་འདོམས་དང་། སྡེ་ཚན་གྱིས་ཕྱར་བ་གྲུ་འདེགས། སློབ་གྲྭས་གཙོ་ཁྲིད། ཁྱིམ་ཚང་གིས་འགན་འཁྲི་གཙང་སྒྲུབ། སྤྱི་ཚོགས་ཞུགས་པ་བཅས་ཀྱི་མཉམ་དུ་མི་སྣ་གསོ་སྐྱོང་ལས་དོན་ལམ་སྲོལ་སྔར་བས་འཐུས་ཚང་ཡོང་བའི་འགན་ལེན་བྱ་རྒྱུ་དེ་ཡིན་པས། ཁུལ་ཁོངས་ཀྱིས་གཙོ་བོ་བྱས་ནས་ཁྱོན་ཡོངས་བཀོད་སྒྲིག་ཡག་པོ་དང་། “འགན་འཁྲིའི་གསལ་ཐོ”བཟོ་བ། “ཐོན་ཁུངས་ས་བཀྲ”བཟོ་བ་བཅས་བྱས་ནས། སློབ་མ་སྐྱོན་བྲལ་འཚར་ལོངས་དང་བདེ་འཇགས་དོ་དམ་སྲུང་སྐྱོང་བྱེད་པ་སོགས་མི་སྣ་གསོ་སྐྱོང་འགན་འཁྲི་དང་འབྲེལ་བ་ཡོད་པའི་བྱེད་པོ་ཚང་མས་སོ་སོའི་གནས་ཚད་རྙེད་ཐུབ་པར་བྱས་ཏེ། ཕྱོགས་ཁག་གིས་འགན་འཁྲི་ཤེས་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་ལག་བསྟར་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས།
(རྩོམ་པ་པོ་ནི་པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོའི་རྨང་གཞིའི་སློབ་གསོའི་སྤུས་ཚད་ལྟ་ཞིབ་ཚད་ལེན་མཉམ་ལས་གསར་གཏོད་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་ཡིན་པ་དང་འདི་ག་ཚགས་པར་གྱི་གསར་འགོད་པ་ཝུའུ་ཡུའེ་ཡིས་ལེགས་སྒྲིག་བྱས)