རྒྱལ་ཡོངས་ཀྱི་དབྱར་འབྲུ་ཕྱེད་ཀ་ལྷག་ཙམ་བཏབ་ཟིན་པ།
མུའུ་དུང་ཕྱུར་2.7བཏབ་ཟིན་པ་དང་མྱུར་ཚད་དེ་སྔ་ལས་མགྱོགས་པ།
ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས།
ཟླ་6ཚེས་13ཉིན་གྱི་ཆུ་ཚོད་18བར། རྒྱལ་ཡོངས་སུ་དབྱར་འབྲུ་འདེབས་ཚད་མུའུ་དུང་ཕྱུར་2.7ཟིན་ནས་ཕྱེད་ཀ་ལྷག་ཙམ་བཏབ་ཟིན་པ་དང་། མྱུར་ཚད་དེ་སྔ་ལས་མགྱོགས་པ་ཡོད་པ་རེད།
“དབྱར་ཁའི་འདེབས་གཉེར་སྡུད་གསུམ”གྱི་ལས་བྲེལ་ཆེ་བའི་ནམ་དུས་སུ་སླེབས་པ་དང་བསྟུན་ནས། དབྱར་བསྡུ་བྱས་རྗེས་དབྱར་འདེབས་བྱེད་འགོ་ཚུགས། ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། ཟླ་6ཚེས་13ཉིན་གྱི་ཆུ་ཚོད་18བར། རྒྱལ་ཡོངས་སུ་དབྱར་འབྲུ་འདེབས་ཚད་མུའུ་དུང་ཕྱུར་2.7ཟིན་ནས་ཕྱེད་ཀ་ལྷག་ཙམ་བཏབ་ཟིན་པ་དང་། མྱུར་ཚད་དེ་སྔ་ལས་མགྱོགས་པ་ཡོད་པ་རེད།
དབྱར་འབྲུ་འདེབས་ཁྱོན་གྱིས་ལོ་ཧྲིལ་པོའི་འབྲུ་རིགས་འདེབས་ཁྱོན་གྱི་1/4བཟུང་ཞིང་། དེའི་ནང་གཙོ་བོ་ལྷོ་ཕྱོགས་སུ་བར་སྨིན་དང་ཕྱི་སྨིན་ཆུ་འབྲས་དང་། དབྱར་འདེབས་ཨ་ཤོམ། དབྱར་འདེབས་སྲན་ཆེན་སོགས་ཀྱི་ལོ་ཏོག་ཚུད་ཡོད། ལོ་ཏོག་དབྱེ་ནས་བལྟས་ན། བར་སྨིན་ཆུ་འབྲས་བཅུ་ཆ་དྲུག་དང་། ཨ་ཤོམ་བཅུ་ཆ་དྲུག དབྱར་འདེབས་སྲན་ཆེན་བཅུ་ཆ་བཞི་ཙམ་བཅས་བཏབ་ཟིན་ཡོད། ཞིང་ཆེན་དབྱེ་ནས་བལྟས་ན། ཧོ་ནན་གྱི་དབྱར་འབྲུ་བཅུ་ཆ་དགུ་དང་། ཧྲའན་ཤིས་ཀྱི་དབྱར་འབྲུ་བཅུ་ཆ་བརྒྱད་ཙམ། ཨན་ཧུའེ་ཡི་དབྱར་འབྲུ་བཅུ་ཆ་དྲུག ཧྲན་ཏུང་དང་ཧྲན་ཤིས་ཀྱི་དབྱར་འབྲུ་བཅུ་ཆ་བཞི། ཅང་སུའུ་ཡི་དབྱར་འབྲུ་བཅུ་ཆ་གསུམ་ཙམ་བཅས་བཏབ་ཟིན་ཡོད་པ་རེད།
དཔྱིད་དུས་དང་དབྱར་དུས་སུ་ཞིང་ལས་དུས་ཚོད་ལ་དམ་འཛིན་བྱེད་དགོས་ཤིང་། ཚན་རྩལ་ལ་བརྟེན་པས་དབྱར་འདེབས་མྱུར་ཚད་མགྱོགས་སུ་ཕྱིན་ཡོད། ཧོ་ནན་ཤུན་རྫོང་དུ་སོན་ལུད་གནས་འགལ་མཉམ་འདེབས་དང་ལུགས་མཐུན་ཞིབ་འདེབས་སོགས་ཀྱི་ལག་རྩལ་གསར་པ་སྤྱད་དེ་ཚད་ལྡན་འདེབས་ལས་དང་། གནད་སྨིན་ཆུ་འདྲེན། འདེབས་ལས་ཞིབ་ཚགས་བཅས་བྱས་ཡོད། ཨན་ཧུའེ་ཀུའུ་ཀྲེན་རྫོང་དུ་འདི་ལོ་དབྱར་འདེབས་སྐབས་ཞིང་འཕྲུལ་7000ལྷག་ཙམ་བཏང་བའི་ནང་བྱེད་ནུས་མང་བའི་འདེབས་འཛུགས་ཞིང་འཕྲུལ་1500ཙམ་ལ་བྱང་སྐར་ཕྱོགས་སྟོན་རིག་ནུས་མ་ལག་སྒྲིག་སྦྱོར་བྱས་ནས། སོན་འདེབས་ཀྱི་ལས་ཕྱོད་ཆེ་རུ་དང་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། ཧྲན་ཏུང་ཅ་ཞང་རྫོང་དུ་ཞིང་ལས་ལག་རྩལ་པ་ཞིང་ནང་དུ་བསྐྱོད་དེ་འདེབས་ལས་ལྗང་སྲུང་དང་ནད་དང་གནོད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་ནས། དུས་མཇུག་ཏུ་ལོ་ལེགས་དང་འབབ་འཕར་ཡོང་བར་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད།