དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྱུར་བུར་བཀང་བའི་བོད་ཀྱི་འབྲུ་མཛོད།

    —— གཞིས་རྩེ་གྲོང་ཁྱེར་གྱི་ཞིང་ལས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ལྟ་ཞིབ་བྱས་པའི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-17

    འབྲུ་ཆར་ནས་དབྱར་ཚུགས་དང་དེ་ནས་བྲི་བ་གང་བའི་བར་གྱི་ཟླ་གཅིག་ལྷག་ཙམ་རིང་ནི་གཞིས་རྩེ་གྲོང་ཁྱེར་གྱི་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་ཚོད་ཡག་ཤོས་དེ་རེད།

    “བོད་ཀྱི་འབྲུ་མཛོད”དུ་གྲགས་པའི་གཞིས་རྩེའི་ཤར་ནས་ནུབ་ཀྱི་ཕྱོགས་སུ་སོ་ནམ་ལས་ལ་བྲེལ་བའི་ནམ་དུས་འགོ་ཚུགས་པ་དང་། དཔྱིད་དཔལ་བཞད་པའི་ཞིང་ཁར་སོ་ནམ་པས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་སོན་བཟང་ཁྱབ་སྤེལ་ཧུར་ཐག་བཏང་བ་དང་འཕྲུལ་ཆས་ཅན་གྱི་འདེབས་ལས་བྱས་ནས་ལོ་གཅིག་གི་རེ་བའི་ས་བོན་བཏབ།

    སོན་བཟང་ཁྱབ་གདལ་ལོ་ཏོག་བཟང་པོ་སྨིན།

    ཟླ་3པའི་ཟླ་མཇུག་ཏུ། བཞད་མཐོང་སྨོན་རྫོང་རུང་མ་ཤང་ལུང་ཤར་གྲོང་ཚོའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱ་ཡུལ་དུ་སྔོག་འཕྲུལ་ཆེ་གྲས་སོགས་ཕར་འགྲོ་ཚུར་འོང་བྱེད་པ་དང་ལས་མི་རྣམས་བྲེལ་བརྩོན་ཆེན་པོས་ཆུ་ཡུར་སྐྲུན་བཞིན་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་བཞད་མཐོང་སྨོན་རྫོང་གིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་1500བསྐྲུན་རྩིས་ཡོད་པ་དང་ས་ཞིང་མུའུ་ཁྲི་3.8སྒྱུར་བཀོད་བྱས་ཏེ་འབྲུ་རིགས་ཐོན་འབབ་ཡག་པོ་ཡོང་བར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་པ་རེད།

    ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་གཙོ་གནད་གྲོང་ཁྱེར་ཞིག་ཡིན་པའི་གཞིས་རྩེ་གྲོང་ཁྱེར་གྱིས་2019ལོ་ཚུན་དུ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པ་དེ་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“སྒུལ་ཤུགས”སུ་བརྩིས་ཤིང་། 2024ལོའི་ཟླ་11བར་རིམ་རྩིས་བརྒྱབ་་ན་སྒོར་དུང་ཕྱུར་33བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་134.5བསྐྲུན་ཡོད། རྒྱུན་མཐུད་འཛུགས་སྐྲུན་བྱས་པ་བརྒྱུད། ཞིང་ཆུང་དང་སྒང་གཤོངས་མི་སྙོམས་པའི་ཞིང་ཁ་རྣམས་ས་ཁོད་སྙོམས་པ་དང་། གཅིག་སྡུད་ཡུག་འབྲེལ། སྒྲིག་བཀོད་ཆ་ཚང་བ། ས་རྒྱུ་གཤིན་པ། སྐྱེ་ཁམས་བཟང་བ། གནོད་འགོག་ནུས་པ་ཆེ་བ་བཅས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁར་བསྐྲུན་པ་དང་ཞིང་ནང་གི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་གསར་སྒྱུར་རིམ་སྤོར་བྱས་པ་རེད། སྲོལ་རྒྱུན་གྱི་ཞིང་ཁ་དང་བསྡུར་ན། ཚད་གཞི་མཐོ་བའི་ཞིང་ཁའི་ཐོན་འབབ་སྙོམས་ཐང་སྤྱི་རྒྱ་100འཕར་ནས་ས་ཞིང་གཤིན་པོར་དངོས་སུ་གྱུར་ཡོད།

    སོན་བཟང་བཏབ་ནས་ལོ་ལེགས་འགན་སྲུང་བྱས།

    བོད་ཀྱི་ཟས་རིགས་ཆེན་པོ་བཞིའི་གྲས་ཀྱི་ཞོག་ཁོག་ཐོན་ཁུལ་གཙོ་བོ་ཡིན་པའི་གཞིས་རྩེ་གྲོང་ཁྱེར་དུ་ཞོག་ཁོག་འདེབས་ཁྱོན་མུའུ་ཁྲི་16ཟིན་མོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་། ཡུལ་གཞན་གྱི་ཞོག་སོན་མང་པོ་ཞིག་བོད་ཀྱི་ཁྲོམ་རར་དྲངས་པ་དེས་ཡུལ་དེ་གའི་ཞོག་ཁོག་ཐོན་ལས་དང་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད།

    རྣམ་གླིང་རྫོང་མདོ་བརྗོད་ཤང་དུ་གཉེར་བའི་དུག་འདོར་ཞོག་ཁོག་གི་ཐོན་འབབ་མཐོ་བའི་ཐོན་སྐྱེད་དཔེ་སྟོན་ལྟ་སྐོར་བྱེད་སྒོ་ཞིག་གིས་འདེབས་འཛུགས་དུད་ཚང་མང་པོའི་ཡིད་དབང་བཀུག་ཡོད།

    ལུའུ་བོད་མཐོ་སྒང་ས་བོན་ཞིབ་འཇུག་ཁང་དུ་བཅའ་སྡོད་ཞོག་ཁོག་རིགས་གཅིག་མཁས་ཅན་གྱིས“བརྟག་ཞིབ་བྱེད་རིང་ང་ཚོས་རྣམ་གླིང་རྫོང་གི་ཞོག་སོན་ལ་གནད་དོན་ཁག་གཅིག་ཡོད་པ་དེས་རྣམ་གླིང་རྫོང་གི་ཞིང་པར་འབབ་འཕར་ཡོང་བ་དང་ཞོག་ཁོག་ཐོན་ལས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་བཟོས་པ་ཤེས་རྟོགས་བྱུང་བས། ཞིབ་འཇུག་ཁང་དེས་བར་སྨིན་དང་སྔ་སྨིན་ཞོག་སོན་དཔེ་གསར་ནང་འདྲེན་འདེབས་གསོར་རིམ་བཞིན་སྐུལ་འདེད་བཏང་ནས་གཞིས་རྩེའི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་ཀྱི་འཁོར་འབྲེལ་ཧྲིལ་པོ་རིམ་སྤོར་དང་དམངས་ཕྱུག་འབབ་འཕར་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་བཤད།

    ནས་ཀྱི་སོན་བཟང་ཁྱབ་གདལ་བཏང་བ་དང་ཆབས་ཅིག་ནས་ཀྱི་ཐོན་འབབ་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད། “ཧི་མ་ལ་ཡ་ཨང་22པ”དང་། “ཧི་མ་ལ་ཡ་ཨང་23པ”“བོད་ནས་ཨང་2000”“བོད་ནས་ཨང་3000”སོགས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ལོ་མང་རིང་འདེམས་གསོ་ཞིབ་ཚགས་བྱས་པ་བརྒྱུད་ནས་སོན་གསར་པ་འབོར་ཆེན་ཞིག་ད་ལོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི“གཙོ་ཤུགས་དམག”ལ་གྱུར་ཡོད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པར། མིག་སྔའི་བར། གཞིས་རྩེ་གྲོང་ཁྱེར་གྱི་ད་ལོའི་ནས་འདེབས་ཁྱོན་མུའུ་ཁྲི་93.79ཟིན་པའི་ནང་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཁྱོན་མུའུ་87.17ཟིན་ཏེ་ཁྱབ་ཚད་95%ཡན་ཟིན་ཡོད།

    ཞིང་ལས་འཕྲུལ་ཆས་གསར་པའི་མཐུན་རྐྱེན་སྦྱར།

    བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་གསེར་སྡིངས་གྲོང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་ཐོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆུང་བདག་གིས་སྐོར་རྨོ་གཞི་གཅིག་ཅན་གྱི་འཕྲུལ་འཁོར་གྲོང་མི་ལྷག་པའི་ཞིང་ནང་དུ་བཏང་ནས་ཕར་འགྲོ་ཚུར་འོང་གིས་ཞིང་ཁ་རྨོ་བཞིན་ཡོད།

    “རྨོན་མཛོས་ཉིན་གཅིག་ལ་ས་ཞིང་མུའུ་4ཙམ་ལས་འདེབས་མི་ཐུབ་པ་དང་ངའི་འཕྲུལ་ཆས་གསུམ་པོས་ཉིན་གཅིག་ལ་མུའུ་150ཙམ་འདེབས་ཐུབ་ཀྱི་འདུག དེ་སྔོན་ཞིང་ལས་འཕྲུལ་ཆས་ཅན་གྱི་ཚད་གཞི་མཐོ་པོ་མེད་དུས་ཞིང་དལ་སྐབས་གཞོན་ནུ་ཚོ་ཕྱིར་གླ་པ་རྒྱུག་པར་སྐྱོད་པ་དང་ཞིང་བྲེལ་སྐབས་ཚང་མ་ཞིང་ཁ་འདེབས་པའམ་བཙས་མ་བརྔ་བར་ལོག་ཡོང་གི་ཡོད། ད་ལྟ་རྨོ་འདེབས་བསྡུ་གསུམ་ཚང་མ་མཉམ་ལས་ཁང་ལ་མངགས་ཡོད་པས་ན་གཞོན་ཚོ་ཕྱིར་གླ་པར་བསྐྱོད་ནས་ཁྱིམ་དུ་རྒན་འཁོགས་མ་གཏོགས་མེད་ཀྱང་འཚོ་རྟེན་ལ་སེམས་ཁྲལ་མི་དགོས”ཞེས་ཆུང་བདག་གིས་བཤད།

    གསེར་སྡིངས་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་དེ་2019ལོར་བཙུགས་པ་ཞིག་ཡིན་པ་དང་དུས་འགོར་མ་དངུལ་སྒོར་ཁྲི་30ལྷག་ཙམ་བཏང་ནས་རྨོ་འདེབས་འཕྲུལ་འཁོར་གཉིས་ཉོས་ཡོད། ད་ལྟ་མཉམ་ལས་ཁང་ལ་རྨོ་འདེབས་འཕྲུལ་འཁོར་4དང་། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་5 གཟན་རྩྭ་དང་གཟན་ཆག་ཐུམ་བྱེད་འཕྲུལ་འཁོར་1 སོན་ཐུམ་འཕྲུལ་འཁོར་1བཅས་ཡོད། ཞིང་འཕྲུལ་ཞབས་ཞུ་ཕུད་མཉམ་ལས་ཁང་གིས་ད་དུང་སོན་བཟང་འདེམས་པ་དང་། སོན་ཐུམ་ལས་སྣོན། སོན་ཕྱིར་ཚོང་སོགས་ཀྱི་ལས་ཀ་བྱེད་དགོས་པས་2024ལོར་ཡོང་འབབ་སྒོར་ཁྲི་60ཟིན་པ་ནས་གྲོང་མིར་སྒོར་ཁྲི་50བགོས་ཏེ་དུད་ཚང་རེར་སྒོར་2000རག་ཡོད།

    གདོང་དཀར་ཤང་ཞིང་ལས་ཕྱོགས་བསྡུས་ལྟེ་གནས་ཀྱི་ཀྲུའུ་རེན་མིག་ནོར་གྱིས་སྐད་ཆའི་བར་དུ“རྨོན་མཛོས་སོན་འདེབས་ཚད་མུའུ་རེར་རྒྱ་མ་40ནས་45ཡས་མས་ཟིན་པ་དང་འཕྲུལ་ཆས་ཀྱིས་མུའུ་རེར་སོན་འདེབས་ཚད་རྒྱ་མ་25ནས་28བར་ལས་ཟིན་གྱི་མེད་པས་མུའུ་རེ་ནས་སོན་རྒྱ་མ་15ཡས་མས་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་བཤད།

    གཞིས་རྩེ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འགན་འཁུར་བས“འབྲུ་རིགས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད་དེ་74.5%ཡན་བར་མཐོ་རུ་ཕྱིན་ཡོད། མ་རྨོས་ལུད་རྒྱག་གཞི་གཅིག་འཕྲུལ་འཁོར་དང་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་སོགས་འཕྲུལ་ཆས་གསར་པ་དང་ལག་རྩལ་གསར་པ་སྔར་བས་བཀོལ་སྤྱོད་ཁྱབ་གདལ་བྱུང་བ་དང་ཆབས་ཅིག་ནས་དང་གྲོ་སོགས་ལོ་ཏོག་རྨོ་འདེབས་བསྡུ་གསུམ་གྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་གྱུར་བས་ལས་ཕྱོད་དང་ཕན་འབྲས་མཐོ་རུ་ཤུགས་ཆེན་ཕྱིན་ཡོད”ཅེས་བཤད།

    “རྨོན་འདེབས་དུས་ལ་མ་བཏབ་ན། སླར་ཡང་བཏབ་ཀྱང་འབྲས་མེད་ཡིན” རྨོན་འདེབས་ཀྱི་དུས་ལ་སླེབས་པ་དང་གཞིས་རྩེའི་དཔྱིད་རྨོད་དཔྱིད་འདེབས་ཀྱང་མཇུག་བསྡུའི་མཚམས་སུ་སླེབས་ཡོད། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་གཤིན་པའི་ཐོག་སོ་ནམ་པས་མཐའ་མའི་རྨོ་འདེབས་དུས་ཚོད་ཡག་ཤོས་དམ་འཛིན་ནན་པོ་བྱེད་པ་དང་། ཅུང་སྔ་ཙམ་ནས་བཏབ་པའི་སོན་ལ་ལྗང་པ་འབུས་ཏེ་ལོ་གསར་པར་ལོ་ལེགས་ཡོང་བའི་རྟགས་མཚན་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།