གསར་དུ་བཟོ་བཅོས་བརྒྱབ་པའི་ཞིང་འབྲོག་པའི་ནོར་སྲིད་ཁ་གསབ་རོགས་དངུལ་གྱི《གསལ་རྟོགས་གཱ》ཡོངས་བསྒྲགས་བྱས་པ།
ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཁག་56ཚུད་པ་ལས་ཐད་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཁག་32དང་བརྒྱུད་གསབ་སྤྲོད་པའི་སྲིད་ཇུས་ཁག་24ཡོད་པ།
ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་དགའ་བས་བསུ་བའི་མཚམས་འདིར། ཟླ་6ཚེས་12ཉིན། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པས་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་པའི་གཟིགས་སྐྱོང་སྲིད་ཇུས་གསལ་རྟོགས་གཱ(2025ལོའི་པར་མ)》(གཤམ་དུ《གསལ་རྟོགས་གཱ》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་རེད།
གསར་དུ་ཡོངས་བསྒྲཌ་བྱས་པའི《གསལ་རྟོགས་གཱ》ནང་གཙོ་བོ་སྤྱི་ཚོགས་འགན་སྲུང་དང་། འཕྲོད་བསྟེན་བདེ་ཐང་། གཟིགས་སྐྱོང་འགན་སྲུང་། སློབ་གསོ། ནགས་ལས་དང་རྩྭ་ཐང་སོགས་ཁྱབ་ཁོངས་དང་འབྲེལ་བའི་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཁག་56ཚུད་པའི་ཁྲོད་ཐད་གསབ་རོགས་དངུལ(དངུལ་སྨར་རམ་ཡང་ན་དངོས་རྫས)སྤྲོད་པའི་སྲིད་ཇུས་ཁག་32དང་བརྒྱུད་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས(སྤྱི་པའི་ཞབས་ཞུའི་གཟིགས་སྐྱོང་སྲིད་ཇུས་རྣམ་གྲངས)ཁག་24ཡོད། ད་ལོ་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཀྱིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་གསོན་ཤུགས་འཕེལ་བ། ཞིང་པའི་ཡོང་འབབ་འཕར་བ་བཅས་ལ་གཙོ་གནད་ཐོག་མཐོང་ཆེན་བྱས་ཤིང་། དེའི་ཁྲོད་ཐད་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཁག་4གསར་དུ་བསྣན་པ་དང་འབྲེལ་གྲོང་ཚོའི་ལས་བྱེད་པའི་གླ་ཕོགས་ཐོབ་ཐང་དང་། མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་། སློབ་གསོའི“འགན་ལེན་གསུམ”སོགས་ཀྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་བཏང་ཡོད།
《གསལ་རྟོགས་གཱ》དེའི་སྣེ་གཅིག་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་འབྲེལ་ཡོད་ལ། སྣེ་གཞན་དེ་ཞིང་འབྲོག་མང་ཚོགས་ཀྱི་སེམས་ཁུར་དང་དོ་ཁུར་དང་ཡང་འབྲེལ་ཡོད་པས། མང་ཚོགས་ཀྱིས་མཐོང་ཐུབ་པའི་སྲིད་ཇུས་ཀྱི་མཚོན་ཚུལ་ཞིག་ཡིན་ལ། དེ་བས་གཞི་རིམ་གྱི་ལས་བྱེད་པས་དོགས་གནད་སེལ་བ་དང་སྲིད་ཇུས་དོན་འཁྱོལ་བྱེད་པར་མཁོ་བའི་ལག་རོགས་ནུས་ལྡན་ཞིག་ཏུ་གྱུར་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན་གྱི་ཡོད།
གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)ཁག་གིས་གཏན་འབེབས་ལྟར་གང་མགྱོགས་ཁ་གསབ་རོགས་དངུལ་ཞིང་འབྲོག་མང་ཚོགས་ལ་སྤྲོད་རྒྱུར་ལྕག་སྐུལ་བྱེད་པ་དང་། བྱ་བ་དངོས་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱི་ཁས་ལེན་ཐོབ་པར་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས“ཕན་པ་སུ་ལ་འདོགས་པ་དང་ཕན་པ་གང་ནས་བྱུང་བ”གསལ་རྟོགས་ཐུབ་པ་བྱ་རྒྱུ་རེད།