ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ།
སྡེ་ཁུལ་གསུམ་གྱི་ཡོང་འབབ་འཕར་བའི“གསང་གཏམ”
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་གི་ཀླུ་ཆུང་དང་། རྡོ་རགས། བདེ་ཞིང་བཅས་སྡེ་ཁུལ་གསུམ་གྱིས་རང་སོའི་ཁྱད་ཆོས་ལྡན་པའི་འབབ་འཕར་གྱི“གསང་གཏམ”ལས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་པ་མངོན།
ཀླུ་ཆུང་སྡེ་ཁུལ།
ངལ་ནུས་ཕྱིར་གཏོང་གི“ཕྱུག་འགྱུར་གླུ་དབྱངས”སྙན།
ཞོགས་པའི་ཉི་གཞོན་ཡར་ལྷ་ཤམ་པོའི་རི་རྩེར་འཕྲོས་པ་དང་ཀླུ་ཆུང་སྡེ་ཁུལ་གྱི་ངལ་ནུས་བར་ཁེ་བས་ལས་མི་བསྡུ་བའི་མིང་ཐོ་ཁྱེར་ནས་གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་ལ་སྐྱོད་བཞིན་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་གླ་པ་བསྡུ་མཁན་ཚོས་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་གཏོད་དགོས་པའི་གནས་ལུགས་གསལ་པོ་ཤེས་ཀྱི་ཡོད། ཁོང་ཚོས་ཚོགས་ཁང་དེ་ཞིང་ཁྱིམ་དང་། ཞིང་ནང་མུ་ཁ། གཙང་འགྲམ་དང་བྱེ་ས་བཅས་སུ་སྤོས་ཏེ། “ས་སྡོང་ཉིན་གཅིག་འདྲུ་བའི་ཡོང་འབབ་སྔོན་ཆད་ལུག་གསུམ་འཚོ་བའི་ཡོང་འབབ་དང་འདྲ་པོ་རེད”ཅེས་གསོན་ཉམས་ལྡན་པའི་བསྡུར་བ་དེ་འདྲ་བྱས་པར་ཞིང་འབྲོག་པའི་སེམས་ལ་རེ་བས་ཁེངས།
གྲངས་གཞི་ནི་མཆན་འགྲེལ་ཡག་ཤོས་ཤིག་རེད། སྡེ་ཁུལ་གྱིས་རིམ་རྩིས་བརྒྱབ་པ་ལྟར་ན། ལྷོ་རི་བྱང་རིའི་ནགས་བཟོའི་ལས་ཀར་མི་98སྒྲིག་འཛུགས་བྱས་པ་དང་མི་ཐེངས་659ཡིས“སྔོ་འགྱུར་གྱི་ཡོང་འབབ”སྒོར་ཁྲི་15བསགས་པ་དང་། གྲོང་ཁྱེར་གྱི་སྔོ་འགྱུར་རྣམ་གྲངས་ལས་མི་131ལ“སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་རག་པ”དང་མི་ཐེངས་637ལ་དཀའ་སྤྱད་ཡོང་འབབ་སྒོར་ཁྲི་14བྱུང་ཡོད། དཀའ་སྤྱད་ལ་བརྟེན་ནས་བྱུང་བའི་ཡོང་འབབ་དེ་དག་ལས“ངལ་རྩོལ་ནི་གཟི་བརྗིད་ཡིན་པའི”འདུ་ཤེས་ཁྲོམ་གཞུང་དང་སྲང་ལམ་གང་སར་རྩ་བ་ཚུགས་བཞིན་ཡོད།
རྡོ་རགས་སྡེ་ཁུལ།
ཐོན་ལས་མཉམ་འདྲེས་ཀྱི“འབབ་འཕར་གྱི་རི་མོ”མཛེས།
རྡོ་རགས་སྡེ་ཁུལ་གྱི་ཞིང་འབྲོག་པས“འབབ་འཕར་གྱི་ས་ཚུགས”མི་འདྲ་བར་ལས་ཀ་སྣ་ཚོགས་བྱེད་ཀྱི་ཡོད།
ཞོགས་པར་ཡར་ཀླུང་རྒུན་འབྲུམ་ར་བར་ཆུ་རྒྱག་པ་དང་། ཉིན་གུང་ལྷོ་ཁའི་བོད་སྨན་བཟོ་གྲྭར་སྨན་རྩྭ་དབྱེ་གསེད་བྱེད་པ། དགོང་མོར་སྔོ་ལྗང་ཞིང་འབྲོག་རྟེན་གཞིར་བྱར་ལྟོ་སྟེར་བ་དང་སྒོ་ང་སྒྲུག་གི་ཡོད། སྡེ་ཁུལ་ནི་བྱང་ཆུབ་པའི་དྲ་བ་འཐག་མཁན་ཞིག་དང་འདྲ་བར་ཡར་ཀླུང་རྒུན་འབྲུམ་ར་བའི་ཤིང་འབྲས་དང་། བོད་སྨན་བཟོ་གྲྭའི་སྨན་བསང་། སྡོང་ཕྲུག་རྟེན་གཞིའི་རྩྭའི་དྲི་ཞིམ་བཅས་སྣ་མང་འབབ་འཕར་གྱི“ཐོན་ལས་དར་ས”ཞིག་ཏུ་གྱུར་ཡོད།
སྐྱེ་ཁམས་སླར་གསོའི་རྣམ་གྲངས་ནང་ཞུགས་པའི་ཨ་ཁུ་སྐལ་བཟང་གིས་ཡོང་འབབ་རགས་རྩིས་བརྒྱབ་ཅིང་། ཁོང་གིས་ན་ནིང་གླ་པ་རྒྱུག་ནས་སྒོར་ཁྲི་3.7བྱུང་བས་ཚ་བོར་གྱོན་གོས་གསར་པ་ཉོས་ལ་ད་དུང་ཁྱིམ་ཆས་གསར་པའང་བརྗེ་རྩིས་ཡོད། ཞང་ཧྲེང་ཞིང་ལས་དྲོད་ཁང་ཆེ་མོར་ལོ་35ལ་སླེབས་པའི་སྒྲོལ་མས་གཅེན་གཅུང་ཚོ་དང་མཉམ་དུ་འབྲི་ཏ་ས་འཛིན་གྱི་སྡོང་ཕྲུག་ལ་གཡོག་བྱེད་བྱེད་བཞིན་ཡོད་པ་དང་། དྲོད་ཁང་དུ་ལས་ཀ་བྱས་ནས་ཡོང་འབབ་སྒོར་ཁྲི་12.6བྱུང་ཡོད། ཁོང་གིས་དེ་ནི་བུ་མོ་སློབ་ཆེན་འགྲིམ་ཆེད་བསགས་པའི་སློབ་ཡོན་ཡིན་ཞེས་བཤད།
སྲོལ་རྒྱུན་གྱི་ཕྱུགས་འཚོ་བ་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་བར་གྱི་འགྱུར་ལྡོག་དེ་རྡོ་རགས་སྡེ་ཁུལ་དུ་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་ཏུ་གྱུར་བཞིན་ཡོད་པ་སྟེ། ཁེ་ལས་བཅུ་པོ་མུ་ཏིག་གི་ཕྲེང་བའི་རྡོག་པོ་དང་འདྲ་བར་ཞིང་འབྲོག་པའི་དུས་ཚིགས་བཞིའི་འབབ་འཕར་གྱི་ལམ་བུ་སྦྲེལ་ཏེ“ལས་རིགས་གཅིག་སྟོབས་ཆེན་ནས”“མེ་ཏོག་མཉམ་བཞད”དུ་གྱུར་བར་བྱས་ཡོད།
བདེ་ཞིང་སྡེ་ཁུལ།
མཉམ་སྡེབ་དཔལ་འབྱོར་གྱི“ཕྱུག་འགྱུར་གྲུ་གཡོར”འཕྱར།
ལྷོ་ཁའི་བཀྲ་ཤིས་དར་རྒྱས་ཨར་སྐྲུན་ཀྲུང་སིའི་ཨར་སྐྲུན་རླངས་འཁོར་གྲོང་ཚོའི་མདོར་འབྱོར་སྐབས་བདེ་ཞིང་སྡེ་ཁུལ་གྱི་ལས་ཞུགས་འབྲེལ་གཏུག་པ་ཆོས་སྒྲོན་གྱིས་ལས་མི་བཀོལ་སྤྱོད་ཀྱི་མིང་ཐོར་ཞིབ་བསྡུར་བྱེད་བཞིན་ཡོད་པ་དང་། ཁོང་གི་དེབ་ཆུང་ཐོག་ཡུལ་མི་46གླ་པ་རྒྱུག་པའི་ཐོ་ཚང་མ་བཀོད་ཡོད་པ་དང་། ལས་ཀའི་འབྱོར་ཐོ་ཐེངས་2070ལས་ཡོང་འབབ་སྒོར་ཁྲི་55.89བྱུང་བ་དེ་གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་འབབ་འཕར་སྒོར་2800བྱུང་བ་དང་འདྲ་མཚུངས་རེད། དེ་གའི་མཉམ་སྡེབ་དཔལ་འབྱོར་ནི་སྟབས་བདེའི“མཉམ་ལས”བྱས་པ་ཞིག་མིན་པར་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་བརྟེན་ནས་ངལ་ནུས་ཐར་ཐོར་དེ་གཞི་གཅིག་ལ་གྱུར་བར་བྱས་ཏེ་ཨར་སྐྲུན་ལས་ཡུལ་ཐོག“ཕྱུག་འགྱུར་གྱི་གྱང”བརྩིགས་པ་དང་། བཞོན་མ་གསོ་སྤེལ་མཉམ་ལས་ཁང་དུ“དངུལ་སྨར་གྱི་རྒྱུན”འབབ་པ། སྡོང་ཕྲུག་རྟེན་གཞིར“ལྗང་མདོག་དངུལ་ཁང”གཏོད་པ་བཅས་བྱེད་ཀྱི་ཡོད།
མི་རྣམས་ཧང་སངས་དགོས་པ་ཞིག་ནི་སོ་ཕག་བཟོ་གྲྭའི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་དེ་ཟོག་རོ་རྒྱུ་ནོར་ལ་གྱུར་བ་དེ་རེད། ཡུལ་མི་380སྐྱེ་ཁམས་སླར་གསོའི་བཟོ་པར་གྱུར་ནས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ཏེ་ཡོང་འབབ་སྒོར་ཁྲི་9.5བྱུང་བ་དང་དེ་སྔའི་བེད་མེད་དུ་བསྐྱུར་བའི་སོ་ཕག་བཟོ་གྲྭ་དེ་ད་ཆ་སྐྱེ་ཁམས་ཀྱི་གཞི་རྒྱུར་གྱུར་འགོ་ཚུགས་ཡོད་པ་རེད། ཚེ་བདེ་སྐྱིད་བཞོན་མ་གསོ་སྤེལ་མཉམ་ལས་ཁང་གི་དོ་དམ་པ་པད་མས“ད་ཆ་ངས་བཞོན་མ་གསོ་ཐུབ་པ་མ་ཟད། ད་དུང་ནོར་དོན་གྱི་གོང་འབུལ་རེའུ་མིག་ལའང་ལྟ་ཤེས་ཀྱི་ཡོད”“ངལ་ནུས་ཕྱིར་གཏོང”ནས“རྩལ་ནུས་རིམ་སྤོར”བར་གྱི་མཆོང་སྐྱོད་དེ་ལྟ་བུ་ནི་མཉམ་སྡེབ་དཔལ་འབྱོར་གྱིས་སྡེ་ཁུལ་ལ་སྦྱིན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཞིག་རེད་ཅེས་བཤད།
སྡེ་ཁུལ་དེ་བས་མང་བས“རྒྱུག་མཐུད་དབྱུག་པ”ལེན་པ་དང་བསྟུན་ནས“གྲོང་གསེབ་མཛེས་པ་དང་། ཐོན་ལས་དར་བ། ཞིང་པ་ཕྱུག་པོ་ཆགས་པ”བཅས་ཀྱི་བརྗིད་ཆེའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཡར་ཀླུང་གི་ས་གཞི་ཆེ་མོར་དལ་བུར་མངོན་བཞིན་མཆིས།