རིག་ནུས་རྒན་གསོ་ཞབས་ཞུའི་འཕྲུལ་མི་བཟོ་བའི་ལག་རྩལ་འགག་སྒྲོལ་དང་བེད་སྤྱོད་ཚོད་ལྟ་བྱེད་འགོ་ཚུགས་པ།
ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་དམངས་སྲིད་པུའུ་ཡིས་མཉམ་དུ་བརྡ་ཐོ་བཀྲམ་ནས་རིག་ནུས་རྒན་གསོ་ཞབས་ཞུའི་འཕྲུལ་མི་བཟོ་བའི་ལག་རྩལ་འགག་སྒྲོལ་དང་བེད་སྤྱོད་ཚོད་ལྟའི་ལས་དོན་བཀོད་སྒྲིག་བྱས་ནས་སྤེལ་ཡོད།
ཚོད་ལྟའི་དུས་ཡུན་2025ལོ་ནས་2027ལོ་བར་ཡིན་པ་དང་། རིག་ནུས་རྒན་གསོ་ཞབས་ཞུའི་འཕྲུལ་མི་བཟོ་བའི་ལག་རྩལ་འགག་སྒྲོལ་དང་བེད་སྤྱོད་ཚོད་ལྟའི་རྣམ་གྲངས་ཁག་གཅིག་དུས་མཚམས་ཕྱེ་ནས་ལག་ལེན་བསྟར་ཁར། ཞིབ་འཇུག་དང་བཀོལ་སྤྱོད་ཕྱོགས་གཉིས་ཆ་འགྲིག་གིས་འགག་སྒྲོལ་བྱེད་པར་སྐུལ་འདེད་བཏང་ནས། ཁྱིམ་ཚང་དང་། སྡེ་ཁུལ། རྒན་གསོའི་སྒྲིག་གཞི་སོགས་སུ་ཐོན་རྫས་སྤྱོད་པར་ར་སྤྲོད་དང་རིམ་འཇུག་རིམ་སྤོར་ལ་སྐུལ་འདེད་བཏང་ནས་རིམ་པ་མང་བ་དང་སྣ་མང་ཅན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པའི་འཕྲུལ་མིའི་ཐོན་རྫས་ཁག་གཅིག་བཟོ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟའི་ནང་དོན་ནང་ཆ་འགྲིག་འགག་སྒྲོལ་གྱི་ལས་དོན་སྤེལ་རྒྱུ་དང་དེའི་ནང་གཙོ་བོ་ལུས་ཟུངས་དང་རིག་ནུས་ཤོར་བའི་རྒན་རྒོན་ལ་ལྟ་རྟོག་དང་། ནད་གཡོག་རྒྱུག་རོགས། བདེ་ཐང་ཡར་སྐུལ། རིག་ལྡན་ཁོར་ཡུག རྒྱུན་གཏན་འཚོ་བར་རམ་འདེགས་སོགས་ལ་དམིགས་ཏེ། ཐོན་རྫས་ཀྱི་བདེ་འཇགས་རང་བཞིན་དང་། བློས་འགེལ་རང་བཞིན། སྤྱོད་བདེའི་རང་བཞིན། ཞབས་ཞུའི་ནུས་པ་བཅས་རིམ་བཞིན་ཆེ་རུ་གཏོང་བ་དང་། བེད་སྤྱོད་ར་སྤྲོད་བྱས་ཏེ་དེའི་བརྒྱུད་རིམ་ཁྲོད་ཐོན་རྫས་རིམ་འཇུག་རིམ་སྤོར་བྱས་ནས་བེད་སྤྱོད་ར་སྤྲོད་ཀྱི་དུས་ཚོད་ཟླ་6ལས་མི་ཐུང་བ་བྱེད་པ། ཚད་གཞི་དང་གདེང་འཇོག་གི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱོད་ཡུལ་གྱི་དགོས་མཁོ་དང་བེད་སྤྱོད་བདེ་འཇགས་ལ་དམིགས་ནས་རིག་ནུས་རྒན་གསོ་ཞབས་ཞུའི་འཕྲུལ་མིའི་ཐོན་རྫས་ཞིབ་བཟོ་དང་ཞབས་ཞུའི་ཚད་གཞི་ཚད་ལྡན་དུ་གཏོང་བ་སོགས་ཚུད་ཡོད་པ་རེད།