པེ་ཅིང་དགེ་འོས་སློབ་ཆེན་གྱིས་སློབ་ཐོན་སློབ་མ་ཚོར་དབུས་ནུབ་རྒྱུད་དུ་དགེ་རྒན་བྱེད་པར་འགྲོ་རྒྱུའི་ཁྲིད་སྟོན་བྱས་པ།
“ང་ཚོ་དབུས་ནུབ་རྒྱུད་དུ་འགྲོ་ཕོད་པ་དང་སེམས་གནས་ཐུབ་པ་བྱུང”
དངོས་སུ་དགེ་རྒན་ཞིག་བྱེད་པར་ད་དུང་ཟླ་བ་གཉིས་ལྷག་ཙམ་ཡོད་ཀྱང་། པེ་ཅིང་དགེ་འོས་སློབ་ཆེན་ལོ་རིམ་བཞི་པའི་སློབ་མ་ལིའུ་ཤན་ཐའོ་ཡིས་ད་ལྟ་ནས་སློབ་ཁྲིད་འཆར་ཟིན་འབྲི་འགོ་བརྩམས་ཏེ། རང་ཉིད་ཀྱིས་ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་མེ་ཐན་རྫོང་དུ་སློབ་སྐྱོར་བྱེད་སྐབས་བཀོད་པའི་སློབ་ཁྲིད་ཟིན་བྲིས་ལ་བསྐྱར་དུ་ཞིབ་ལྟ་བྱེད་ཀྱི་ཡོད་པ་རེད། སློབ་གྲྭ་འགྲིམ་རིང་། ཁོང་ཡུན་ཀུའེ་ས་ཁུལ་གྱི་དབུལ་སྒྲོལ་རྫོང་དུ་ཐེངས་བཞི་བསྐྱོད་ནས་སློབ་སྐྱོར་བྱེད་མྱོང་ཞིང་། ད་ཆ་མེ་ཐན་རྫོང་ཁྲ་ཁྲེང་མཐོ་རིམ་སློབ་འབྲིང་དུ་དགེ་རྒན་བྱེད་རྩིས་ཡོད་པ་རེད།
ད་ལོ་ལིའུ་ཤན་ཐའོ་དང་འདྲ་བར་དབུས་ནུབ་རྒྱུད་དུ་དགེ་རྒན་བྱེད་པར་འགྲོ་གྲབས་ཡོད་པའི་པེ་ཅིང་དགེ་འོས་སློབ་ཆེན་གྱི་སློབ་ཐོན་སློབ་མ་མི་ཉུང་བ་ཞིག་ཡོད། 2020ལོ་ནས་བཟུང་། སློབ་གྲྭ་དེས་སློབ་ཐོན་སློབ་མ་ཚོར་གཞི་རིམ་དང་དབུས་ནུབ་རྒྱུད་དུ་དགེ་རྒན་བྱེད་པར་འགྲོ་རྒྱུའི་ཁྲིད་སྟོན་བྱ་ཆེད། “བཞི་ལྡན”དགེ་རྒན་བཟང་པོའི་རིག་འཕེལ་འཆར་གཞི་ལག་ལེན་བསྟར་ནས་དབུལ་སྒྲོལ་རྫོང་དང་དབུས་ནུབ་རྒྱུད་ཀྱི་སྐམ་སའི་མཐའ་མཚམས་རྫོང་དང་ས་ཁུལ་དུ་དགེ་རྒན་བྱེད་པར་སྐྱོད་མཁན་སློབ་ཐོན་སློབ་མ་རེར་བྱ་དགའ་སྒོར་ཁྲི་10རེ་སྤྲོད་ཀྱི་ཡོད་པ་རེད། 2025ལོའི་སློབ་ཐོན་སློབ་མར་དམིགས་ནས། པེ་ཅིང་དགེ་འོས་སློབ་ཆེན་གྱིས་སློབ་གསོའི་རིགས་ཀྱི་ཕྱོགས་གཉིས་གདམ་གའི་ལས་བསྡུའི་འདུ་ཚོགས་ཐེངས་གསུམ་དང་སློབ་གསོའི་རིགས་ཀྱི་ལས་བསྡུའི་བྱེད་སྒོ་ཐེངས་600ལྷག་ཙམ་སྤེལ་ཁར་ལས་གནས་ཁྲི་1ལྷག་ཙམ་མཁོ་འདོན་བྱས་ནས་རྨང་གཞིའི་སློབ་གསོའི་ལས་ཞུགས་ལས་སྟེགས་གནད་ལ་འཁེལ་བའི་སྒོ་ནས་བཏོད་པ་རེད།
“ཉེ་བའི་ལོ་5ཡི་རིང་། རིག་འཕེལ་འཆར་གཞིའི་ནང་ཚུད་པའི་སློབ་ཐོན་སློབ་མ་2000ཙམ་ཟིན་ཡོད” པེ་ཅིང་དགེ་འོས་སློབ་ཆེན་གྱི“དབུས་ནུབ་རྒྱུད་ཀྱི་དར་རྒྱས་འགོར་བའི་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན་དམིགས་བཀར་གསོ་སྐྱོང་འཆར་གཞིའི”དམིགས་བཀར་ལས་ཞུགས་དགེ་འོས་སློབ་མའི་གཞི་ཁྱོན་བརྟན་པོའི་ངང་འཕར་བ་འདིས་དབུས་ནུབ་རྒྱུད་ཀྱི་རྨང་གཞིའི་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་ཅེས་སློབ་གྲྭའི་རྨང་གཞིའི་སློབ་གསོའི་དགེ་རྒན་དཔུང་ཁག་སྟོབས་ཆེར་གཏོང་བའི་འདུ་འགོད་གཞུང་ལས་ཁང་གི་ཀྲུའུ་རེན་སུའེ་ལུའུ་ལུའུ་ཡིས་བརྗོད།
“མི་རིང་བའི་གོང་། སློབ་གྲྭས་སྲིད་ཇུས་གསལ་བཤད་ཚོགས་འདུ་འཚོགས་ཤིང་། ཆེད་དོན་བྱ་དགའ་ཡོད་པ་ཐོས་རྗེས་སློབ་གྲོགས་ཚོ་ཧ་ཅང་དགའ་པོ་བྱུང་འདུག གྲོང་གསེབ་ནས་ཡོང་བའི་སློབ་མ་ཚོར་མཚོན་ན། འདི་ནི་མ་འོངས་པའི་འཚོ་བར་ཁ་གཏད་གཅོག་པའི་གཏིང་ཤུགས་ལྟ་བུ་རེད། ང་ཚོ་དབུས་ནུབ་རྒྱུད་དུ་འགྲོ་ཕོད་པ་དང་སེམས་གནས་ཐུབ་པ་བྱུང”ཞེས་ལིའུ་ཤན་ཐའོ་ཡིས་བཤད།