གཙོ་གནད་རླངས་འཁོར་ཁེ་ལས་17གྱིས“གཏོང་སྤྲོད་རྩིས་ཡུན་ཉིན་60ལས་མི་ བརྒལ་བའི”ཁས་ལེན་བྱས་པ།
ཉེ་ཆར། དབྱི་ཆི་དང་། ཏུང་ཧྥུང་། ཀོང་ཆི། སའེ་ལི་སི་སོགས་གཙོ་གནད་རླངས་འཁོར་ཁེ་ལས་17གྱིས་གསལ་བསྒྲཌ་སྤེལ་ནས“གཏོང་སྤྲོད་རྩིས་ཡུན་ཉིན་60ལས་མི་བརྒལ་བའི”ཐད་ཁས་ལེན་བྱས་ཡོད་པ་རེད།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། རླངས་འཁོར་ཁེ་ལས་ཀྱིས་རང་འགུལ་ངང“གཏོང་སྤྲོད་རྩིས་ཡུན་ཉིན་60ལས་མི་བརྒལ་བའི”ཁས་ལེན་བྱས་པ་ནི། རྒྱལ་ཁབ་ཀྱི་འབོད་སྐུལ་ལ་དང་ལེན་ཧུར་ཐག་ཞུས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་དང་ཁེ་ལས་ཀྱི་འགན་འཁྲི་ལག་ལེན་བསྟར་བའི་མཚོན་ཚུལ་ཞིག་རེད། དེར“རླངས་འཁོར་དང་ལྷུ་ལག”གི་མཉམ་སྒྲུབ་གཉིས་ཁེའི་འཕེལ་རྒྱས་ཀྱི་རྣམ་པ་གཏོད་པ་དང་ཐོན་ལས་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། དེའི་ཐད་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
འགན་འཁུར་བ་དེས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ནི་རླངས་འཁོར་ཐོན་ལས་ཀྱི་ཁྲག་རྩ་ལྟ་བུ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་རྩའི་ལྷུ་ཚིགས་ཤིག་རེད། རླངས་འཁོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་འགྲོ་བ་དང་བསྟུན་ནས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཁྲོམ་རའི་འགྲན་རྩོད་ཛ་དྲག་ཏུ་ཕྱིན་ཏེ་འགྲན་རྩོད་ཀྱི་གནོན་ཤུགས་དེ་རླངས་འཁོར་ནས་ཐོན་ལས་འཁོར་འབྲེལ་ལྷུ་ཚིགས་སུ་ཁྱབ་ནས་མཁོ་འདོན་ཚོང་པའི་ཟོག་དངུལ་གཏོང་སྤྲོད་རྩིས་ཡུན་རིང་དུ་ཕྱིན་པ་དང་མ་དངུལ་འཁོར་རྒྱུག་ལ་དཀའ་ངལ་ཡོད་པ་སོགས་ཀྱི་སྣང་ཚུལ་ཐོན་པ་དེ་ནི་ཐོན་ལས་ལག་རྩལ་གསར་གཏོད་དང་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཕན་ཐོགས་མེད་ཅེས་བརྗོད་པ་རེད།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་རླངས་འཁོར་ཁེ་ལས་ལ་འབྲེལ་ཡོད་ཁས་ལེན་ལག་ལེན་ཏན་ཏིག་བསྟར་བར་རྒྱབ་སྐྱོར་བྱས་ཏེ་རླངས་འཁོར་ཁེ་ལས་དང་མཁོ་སྤྲོད་འཁོར་འབྲེལ་ཁེ་ལས་དབར་ཡུན་རིང་བརྟན་ལྷིང་གི་མཉམ་ལས་འབྲེལ་བ་འཛུགས་རྒྱུར་མུ་མཐུད་ཁྲིད་སྟོན་བྱས་ནས། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་གསར་གཏོད་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། “གཙང་པོར་ཆུ་ཡོད་ན་རྐ་ཡུར་ཆུས་ཁེངས་པའི”རྣམ་པ་བཟང་པོ་ཧུར་ཐག་བཏོད་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཆ་དང་བདེ་འཇགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་མ་ཟད། གོ་ལ་ཧྲིལ་པོའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུ་རེད།