དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱས་པ།

    ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་ཉེར་ཡོད་པའི་སྐབས་སུ་བྲིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཆུས་ཕེ། ཧན་ཧྲུའོ། ཝང་ཏི།   |     སྤེལ་དུས།  2025-06-16

    ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་6ཚེས་16ནས་18ཉིན་བར་ཧ་སག་སི་ཐན་གྱི་གྲོང་ཁྱེར་ཨ་སི་ཐ་ན་རུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྒྱུ་རེད། ཤིས་ཨན་ནས་ཨ་སི་ཐ་ན་བར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་སླར་ཡང་མཉམ་འཛོམས་གནང་ནས་རྒྱལ་ཁབ་དྲུག་གི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མཉམ་ལས་གཉིས་ཕན་གྱི་མདུན་ལམ་གསར་པ་ཐུན་མོང་ཐོག་འཆར་འགོད་བྱེད་པ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་གསར་པ་ཐུན་མོང་ཐོག་འགོད་པ་བཅས་གནང་སྟེ། རྒྱལ་ཁབ་དྲུག་གི་འཕེལ་རྒྱས་དང་དར་རྒྱས་ལ་རམ་འདེགས་བྱེད་པར་སྟོབས་ཤུགས་གསར་པ་བསྣན་རྒྱུ་རེད།

    ལོ་ངོ་སྟོང་གི་མཛའ་གཅུགས་ལས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་གྱི་ལེའུ་གསར་པ་རྩོམ་པ།

    2023ལོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་དངོས་ཚན་དབུ་ཚོགས་ཐེངས་དང་པོ་འཚོགས་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་རྡོ་རིང་གསར་པ་ཞིག་བཙུགས་ཡོད། ཕྱོགས་ཁག་གིས་རེ་སྒུག་ཆེན་པོ་བྱེད་པའི《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་ཤིས་ཨན་བསྒྲགས་གཏམ》ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་གཙོ་བདག་ཐུག་འཕྲད་ལམ་སྲོལ་དངོས་སུ་བཙུགས་པ་རེད། རྒྱལ་ཁབ་དྲུག་གི་གཙོ་བདག་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་ས་ཁུལ་གྱི་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་རིམ་པར་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཐོག་མར་དོན་འཁྱོལ་བྱུང་ཡོད།

    2013ལོའི་སྟོན་ཁར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་གཙོ་བདག་གི་མིང་ཐོག་ནས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་ཐེངས་དང་པོར་འཚམས་འདྲིར་ཕེབས་ཏེ། ཏུར་མེན་སི་ཐན་དང་། ཧ་སག་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན། ཁེར་གྷི་སི་ཐན་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད།

    ཨ་སི་ཐ་ན་རུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་དབར་གྱི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་དང་། རི་ཁུལ་ནས་གྲགས་པའི་རྔ་མོང་གི་དྲིལ་སྒྲ བྱེ་ཐང་ནས་འཕྱུར་བའི་དུ་ཞག་བཅས་ལ་ཕྱིར་དྲན་གནང་ནས། འབྱུང་འགྱུར་ལ་ཕྱོགས་ཏེ“དར་གོས་ལམ་བུའི་དཔལ་འབྱོར་རྒྱུད”མཉམ་དུ་སྐྲུན་པའི་གྲོས་འགོ་བཏོན་གནང་ཡོད།

    ཀྲུའུ་ཞི་ཞི་ཅིན་ཕིང་སྔ་རྗེས་སུ་ཨེ་ཤེ་ཡ་དབུས་མར་འཚམས་འདྲིར་ཐེངས་བརྒྱད་ཕེབས་པ་མ་ཟད། ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚང་མར་སྣེ་ལེན་ཡང་ཞུས་གནང་བ་རེད། གཙོ་བདག་ཕྱི་འབྲེལ་གྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡོངས་སུ་ཁྱབ་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མཚན་རྟགས་འགོད་རྒྱུ་ཡོངས་སུ་ཁྱབ་པ། ཕྱོགས་གཉིས་ཀྱི་རིམ་པར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ལག་ལེན་བསྟར་རྒྱུ་ཡོངས་སུ་ཁྱབ་པ་བཅས་མངོན་འགྱུར་བྱུང་ཡོད།

    2020ལོར་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཛུགས་རྒྱུའི་གྲོས་འགོ་བཏོན་ཡོད། 2022ལོའི་ཟླ་1པོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བའི་བརྙན་ལམ་དབུ་ཚོགས་འཚོགས་པ་རེད།

    “རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་འབྱུང་འགྱུར་ཀྲུང་གོ་འཕེལ་རྒྱས་ཀྱི་ཚད་གཞི་གང་འདྲ་ཞིག་ལ་སླེབས་ཀྱང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཡིད་ཆེས་བྱེད་འོས་པ་དང་བརྟེན་འོས་པའི་ཁྱིམ་མཚེས་བཟང་པོ་དང་། རོགས་ཟླ་བཟང་པོ། གྲོགས་པོ་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན”ཞེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་དེ་ལྟར་གནང་ཡོད།

    མཉམ་ལས་གཉིས་ཕན་བྱུང་ནས་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ།

    ལོ་གཉིས་ཀྱི་གོང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོར་རྒྱལ་ཁབ་དྲུག་གི་གཙོ་བདག་གིས《ཤིས་ཨན་བསྒྲགས་གཏམ》ལ་མཚན་རྟགས་བཀོད་པ་རེད། སྨྱུག་རྩེ་ཤོག་བུའི་ངོས་སུ་བཙུགས་པ་དང་བསྟུན་ནས་མཉམ་ལས་གྲོས་མཐུན་བརྒྱ་ལྷག་ཙམ་བཞག་ཡོད།

    རྩིས་ཁྲར་ཞིབ་ཕྲ་བལྟས་ཚེ། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྲུང་གོ་དང་ལག་གདང་སྦྲེལ་འདོད་ཆེ་བ་དང་། ཁྱབ་ཁོངས་རྒྱ་ཆེ་བ། གྲུབ་འབྲས་ཕུན་སུམ་ཚོགས་པ་བཅས་ཡོད་པ་མྱོང་ཚོར་ཟབ་མོ་ཐུབ་ངེས་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་ཐུགས་ཁུར་གནང་བའི་རྣམ་གྲངས་ཁག་གཅིག་གི་འཕེལ་རིམ་བདེ་བླག་བྱུང་བ་སྟེ། ན་ནིང་ཟླ་7པར། ཀྲུང་གོ་དང་ཡོ་རོབ་དབར་ལི་ཧའེ་རྒྱ་མཚོ་སྒྲོལ་བའི་ཐད་གཏོང་མྱུར་སྐྱེལ་ཤར་གཏོང་ཐུབ་པ་དང་ཀྲུང་གོ་ཕྱོགས་ཀྱི་རླངས་འཁོར་གཞུང་ལམ་བརྒྱུད་ཐད་ཀར་སྐྱེལ་འདྲེན་བྱེད་སྟངས་ལ་བརྟེན་ནས་ལི་ཧའེ་རྒྱ་མཚོ་རྒྱུད་ཀྱི་གྲུ་ཁར་ཐེངས་དང་པོ་འབྱོར་བ་དང་། ཧ་སག་སི་ཐན་གྱི་ཤིས་ཨན་གྲུ་ཁ་འཁོར་སྐྱོད་བརྟན་པོ་ཐུབ་ནས་ལོ་གཅིག་ལྷག་ཙམ་སོང་རིང་དངོས་ཟོག་ཉོ་ཚོང་འགྲོ་འོང་དར་རྒྱས་ཆེ་བ། ད་ལོའི་ཟླ་3པར། ཀྲུང་ཐ་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ཕུག་ལམ་སྦྲེལ་མཐུད་ཐུབ་ནས་ཕ་སྨིར་ས་མཐོའི་བགྲོད་ལམ་འཛུགས་སྐྲུན་མདུན་ཕྱོགས་སུ་གོམ་པ་སྤོས་པ། ཟླ་4པར། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་རྣམ་གྲངས་ཀྱི་ལམ་ཐིག་གཙོ་བོའི་ལས་གྲྭ་ངོ་བོའི་རང་བཞིན་གྱི་ཨར་ལས་དུས་མཚམས་སུ་སླེབས་པ་ལ་སོགས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འཛུགས་སྐྲུན་པས་ས་མཐོ་དང་། རི་མཐོ། གྲུ་ཁ་བཅས་སུ་དཔུང་པ་མཉམ་གཤིབ་ཀྱིས་མཉམ་སྦྲེལ་མཉམ་མཐུད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་རམ་འདེགས་བྱས་པ་རེད།

    2024ལོར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་948ཟིན་ནས་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད།

    ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ལམ་ཐག་རྒྱུན་ཆད་མེད་པར་རིང་དུ་ཕྱིན་པ་དང་འབྲེལ། སྦྲེལ་མཐུད་དྲ་རྒྱ་སྔར་བས་ཚགས་དམ་དུ་ཕྱིན་ཡོད། མེ་འཁོར་ནང་བླུགས་པའི་ཀྲུང་གོའི་གློག་རྡུལ་སྒྲིག་ཆས་དང་གྱོན་ཆས་ཨེ་ཤེ་ཡ་དབུས་མའི་ཁྲོམ་རར་བཏང་བ་དང་ཨེ་ཤེ་ཡ་དབུས་མའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྲུང་གོའི་ཟོག་སྒྲོམ་དུ་བསྒྲིགས་ཡོད་པ་རེད།

    ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་བར་སྣང་མཁའ་ལམ་ཉིན་བཞིན་བྲེལ་འཚུབ་ཆེ་རུ་འགྲོ་བཞིན་ཡོད་ཅིང་། འཐུས་མཆན་ལག་ཁྱེར་སྟབས་བདེ་ཅན་གྱི་བྱེད་ཐབས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། ཕྱོགས་གཉིས་སུ་ཡུལ་སྐོར་ལ་སྐྱོད་མཁན་ཇེ་མང་དུ་རྒྱུན་མཐུད་སོང་སྟེ་ས་ཁུལ་གྱི་དམངས་ཚོགས་རྟག་ཏུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད།

    ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་དང་། སྨན་བཅོས་མི་སྣ། གནའ་རྫས་རྟོག་ཞིབ་ཚོགས་པ། རིག་རྩལ་ཚོགས་པ་སོགས་དབར་སྤེལ་རེས་དམ་ཟབ་བྱེད་པ་དང་། ཁུང་ཙི་སློབ་གླིང་དང་། ལུའུ་པན་བཟོ་ཁང་། ཀྲུང་ལུགས་གསོ་རིག་ལྟེ་གནས་སོགས་མི་ཆོས་རིག་གནས་སྤེལ་རེས་ལས་སྟེགས་ཀྱིས་མཛའ་གྲོགས་ཀྱི་སྟོབས་ཤུགས་གསར་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད། ཀྲུང་གོའི་ཁེ་ལས་མཁས་ཅན་ཨེ་ཤེ་ཡ་དབུས་མར་གཞི་ཚུགས་ནས་ཞིང་ལས་ལས་སྣོན་བཟོ་གྲྭ་དང་འཁལ་འཐག་ཐོན་ལས་གླིང་སོགས་དམངས་འཚོའི་རྣམ་གྲངས་གཉེར་ཡོད་པ་རེད།

    “ང་ནི་ཕྱི་རྒྱལ་བ་ཡིན་པ་ལས་ཕྱི་མི་མིན”ཞེས་པའི་སྐད་ཆ་དེར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྔགས་བརྗོད་གནང་བའི་ཧ་སག་སི་ཐན་གྱི་གཞོན་ནུ་མཱ་ཝུན་ཞོན་ད་ཆ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་སྲོལ་རྒྱུན་གསོ་རིག་ལྟེ་གནས་ཀྱི་རྐང་འཛིན་པར་གྱུར་ནས་སྨན་བཅོས་འགྲོ་ཕན་གྱི་ལས་དོན་ཁྲོད་ཀྲུང་ལུགས་གསོ་རིག་གི་འདུ་ཤེས་ཁྱབ་སྤེལ་གཏོང་བཞིན་ཡོད།

    འཐབ་ཇུས་འབྲེལ་མཐུད་བྱས་ནས་ལག་གདང་དཔུང་སྦྲེལ་གྱིས་དེང་རབས་ཅན་གྱི་ལམ་བུར་སྐྱོད་པ།

    “ང་ཚོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་དེང་རབས་ཅན་གྱི་འདུ་ཤེས་དང་ལག་ལེན་སྤེལ་རེས་ལ་ཤུགས་རྒྱག་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་གཏོད་པ་བཅས་བྱས་ནས་རྒྱལ་ཁབ་དྲུག་གི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་གཞོཌ་འདེགས་ཞུ་འདོད་ཡོད”ཅེས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་དང་པོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནད་ལ་འཁེལ་བའི་བཀའ་མོལ་འདི་ལྟར་གསུངས།

    དེ་སྔ་དབུལ་ཕོངས་ཉམས་ཞན་དང་ཉམས་པ་ཀུན་གསོ་རྒྱུར་གནས་པའི་ཀྲུང་གོ་འདི་ཉིད་ད་ཆ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་བདེ་བླག་ངང་སྐྱོད་ཐུབ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་བདེ་བླག་དང་བརྟན་པོའི་ངང་སྐྱོད་ཐུབ་པ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ཚུགས་རང་བདག་གི་སྒོ་ནས་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་དོན་དངོས་མངོན་ཡོད། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན། དེ་ནི་དཔེ་མཚོན་གསོན་པོ་ཞིག་རེད་ལ་གོ་སྐབས་གལ་ཆེན་ཞིག་ཀྱང་རེད།

    ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས“ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་པོ་དང་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ཀྱིས་འགོག་ཐབས་བྲལ་བའི་གོམ་སྟབས་ལ་བརྟེན་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྐྲུན་པའི་བགྲོད་ལམ་དུ་བླ་ན་མེད་པའི་དམིགས་ཚད་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་བཞིན་ཡོད”ཅེས་བསྔགས་བརྗོད་གནང་ཡོད།

    ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨི་ཨེར་ཅི་གཡོད་ཧྥུའུ་སྐུ་ངོ་མས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཡི་གེའི་པར་གཞིའི《དབུལ་ཕོངས་ལས་ཐར་པ》ཞེས་པར་གླེང་གཞི་བྲིས་ཤིང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་དཔོན་རིགས་ཐེངས་མང་པོར་ཀྲུང་གོར“ཉམས་མྱོང་ལེན་པར”ཡོང་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་ཨུ་ཟ་བྷེ་ཁི་སི་ཐན་གྱི《2030ལོའི་དབུལ་སྐྱོར་རྩ་འཛིན》བཟོ་བར་གདན་འདྲེན་ཡང་ཞུས་པ་རེད།

    ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པ་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད་པའི་ངོས་འཛིན་བྱས་པ་རེད།

    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ཀློག་པ་པོའི་ཚོགས་འདུ་ཐ་ཇིག་སི་ཐན་དུ་འཚོགས་ཏེ་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་ལས་རིགས་ཁག་གིས་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་མཉམ་དུ་གྲོས་བསྡུར་བྱས་ཡོད། “བརྩམས་ཆོས་འདིས་ང་ཚོས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་ཐ་ཇིག་སི་ཐན་རང་ངོས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ཐད་གཏོགས་རྒྱལ་ཁབ་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལ་ཞི་ཏེ·ཨ་ལི་མོ་ཧྥུའུ་ཡིས་མྱོང་ཚོར་ཟབ་མོའི་ངང་བརྗོད་པ་རེད།

    ཧ་སག་སི་ཐན་གྱི“འོད་སྣང་ལམ་བུའི”དཔལ་འབྱོར་སྲིད་ཇུས་གསར་པ་དང་། ཁེར་གྷི་སི་ཐན་གྱི“2026ལོའི་གོང་གི་རྒྱལ་ཁབ་འཕེལ་རྒྱས་རྩ་འཛིན” ཐ་ཇིག་སི་ཐན་གྱི“2030ལོའི་གོང་གི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས” ཨུ་ཟ་བྷེ་ཁི་སི་ཐན་གྱི“ཨུ་ཟ་བྷེ་ཁི་སི་ཐན་གསར་པའི”2022ལོ་ནས་2026ལོའི་བར་གྱི་འཕེལ་རྒྱས་འཐབ་ཇུས། ཏུར་མེན་སི་ཐན་གྱི“བསྐྱར་དར་གྱི་དར་གོས་ལམ་བུའི”འཐབ་ཇུས་སོགས་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཟོས་ནས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་མ་གྲོས་གཅིག་མཐུན་ངང་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་འབྲེལ་མཐུད་བྱ་རྒྱུ་བདམས་པ་རེད། འཐབ་ཇུས་འཚམ་མཐུན་བྱུང་བ་དེས་ཕྱོགས་གཉིས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།

    མིག་སྔར། ལོ་བརྒྱའི་འཕོ་འགྱུར་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མྱོང་མེད་པའི་ངང་འགྲོ་བཞིན་ཡོད། ཨེ་ཤེ་ཡ་དབུས་མ་ནི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་ལྟེ་བ་ཡིན་པ་དང་། དེ་ནི་ཤར་ནུབ་འབྲེལ་མཐུད་དང་ལྷོ་བྱང་ལ་ཁྱབ་པའི་ལམ་བཞི་མདོ་ཁར་གནས་ཡོད། འཛམ་གླིང་ལ་བརྟན་ལྷིང་དང་། དར་རྒྱས། ཞི་མཐུན། འབྲེལ་མཐུད་བཅས་ལྡན་པའི་ཨེ་ཤེ་ཡ་དབུས་མ་ཞིག་དགོས་ཀྱི་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ནི་རྒྱལ་ཁབ་དྲུག་ལ་བདག་པ་དང་འཛམ་གླིང་ལའང་ཕྱོགས་ཡོད་ཅིང་། དེས་སྤྱི་ལེ་ངོས་གྲུ་ཁྲི་1360ལྷག་ཙམ་གྱི་རྒྱ་ཆེ་བའི་ཡུལ་ལུང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་མ་གཏོང་བ་དང་། མི་དུང་ཕྱུར་15ཙམ་གྱི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་དང་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་ཅིང་། དེ་ལས་རང་ངོས་ལ་གཞི་ཚུགས་པ་དང་སེམས་སུ་གནམ་འོག་འཆང་བའི་འགན་འཁྲི་དང་ལས་འགན་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།