དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དྲ་རྒྱའི་རྩོམ་རིག་ཕྱི་རྒྱལ་ལ་ཁྱབ་གདལ་བཏང་བ།

    ཀྲུང་གོར་རྒྱུས་ལོན་བྱེད་སའི་སྐར་ཁུང་ངོ་མཚར་ཞིག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-15

    ཧྥ་རན་སེའི་གྲོང་ཁྱེར་ཕ་རི་སི་རུ། ཁྲར་སི་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་བྱེད་སྒོར་ཞུགས་པ།

    ཧྲང་ཧའེ་རྒྱལ་སྤྱིའི་དྲ་རྒྱའི་རྩོམ་རིག་གཟའ་འཁོར་སྐབས་གསུམ་པའི་རིང་། རྒྱལ་ཁབ་མང་པོའི་དྲ་རྒྱའི་རྩོམ་རིག་གི་རྩོམ་པ་པོས་ཧྲང་ཧའེ་རུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ། ཤང་ལའེ་ཡིས་པར་བརྒྱབ།

    སིང་ཀ་ཕོར་དུ་གཉེར་བའི་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་དང་ཉེ་འཁོར་འགྲེམས་སྟོན་ཐོག གསར་གཏོད་འགྲེམས་སྟེགས་དང་སྤེལ་རེས་སྒྲིག་ཆས་ཀྱིས་ས་གནས་འདི་གའི་སྐྱེ་བོའི་ཡིད་དབང་འཕྲོག་ནས་ཉམས་ལེན་ལ་སྐྱོད་བཞིན་པ། ཤང་ལའེ་ཡིས་པར་བརྒྱབ།

    ཧྥུའུ་ཏན་སློབ་ཆེན་གསར་འགྱུར་སློབ་གླིང་གི་བྱེད་སྒོར་ཨན་ཏི་སིས་གཏམ་བཤད་སྤེལ་བཞིན་པ། ཝུའུ་ཅིང་གིས་པར་བརྒྱབ།

    ཧྥ་རན་སེའི་སྟོབས་ཤུགས་དཔེ་ཀློག་གི་མཉམ་འབྲེལ་གསར་གཏོད་པ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཅིག་ལྕོགས་ཁྲར་སི་ཡིས་བརྗོད་དོན།

    “གཏམ་རྒྱུད་ཡག་པོས་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རིག་གནས་སྤེལ་རེས་ལ་སྦྲེལ་ཟམ་སྐྲུན་དགོས”

    འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་པོ་ལན།

    ཧྥ་རན་སིའི་སྐད་ཡིག་ཁུལ་གྱི་ཀློག་པ་པོར་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གིས་སྤྲོ་སྣང་སྦྱིན་པའི་སྐོར་གླེང་སྐབས། ཧྥ་རན་སེའི་སྟོབས་ཤུགས་དཔེ་ཀློག་གི་མཉམ་འབྲེལ་སྲོལ་གཏོད་པ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཅིག་ལྕོགས་ཁྲར་སི·ཏེ་ཝེ་ཡིས་བརྗོད་དོན།“བརྩམས་ཆོས་དེ་དག་བཀླགས་རྗེས། ཀློག་པ་པོ་རྣམས་ཕུན་སུམ་ཚོགས་པའི་འཇིག་རྟེན་ལ་དབྱིངས་ཞུགས་པ་མ་ཟད། ཀློག་པ་པོར་དངོས་ཡོད་འཚོ་བའི་ཁྲོད་ནས་ཀྱང་ཤུགས་རྐྱེན་ཐེབས་བཞིན་ཡོད། དཔེར་ན། པེར་ཀྲེམ་གྱི་ཀློག་པ་པོ་ཞིག་གིས《རྣམ་པར་རྒྱལ་བ》སོགས་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་བརྩམས་ཆོས་བཀླགས་རྗེས། སྟོབས་ཤུགས་དཔེ་ཀློག་སྡེ་ཁུལ་དུ‘བརྩམས་ཆོས་དེ་དག་བཀླགས་རྗེས། ངས་དེང་གི་བྲེལ་ཟིང་ཆེ་བའི་འཚོ་བའི་ཁྲོད། སེམས་པ་བཅོས་ཐབས་ཇི་ལྟར་བྱེད་དགོས་པ་ཤེས་བྱུང་ལ། འགྲན་སློང་ལ་ཁ་གཏད་ཡང་དག་གཅོག་ཤེས་བྱུང’”ཞེས་ལན་བཞག་ཡོད།

    སྟོབས་ཤུགས་དཔེ་ཀློག་ནི་ཀྲུང་གོ་དང་ཧྥ་རན་སེ་ནས་ཡོང་བའི་དྲ་རྒྱའི་བརྩམས་སྒྲུང་ལ་དགའ་པོ་བྱེད་མཁན་འགའ་ཞིག་གིས་བཙུགས་པའི་དྲ་བའི་དཔེ་ཀློག་སྡེ་ཁུལ་ཞིག་རེད། 2017ལོར་བཙུགས་ཚུན། ལས་སྟེགས་དེར་ཧྥ་རན་སེ་དང་། པེར་ཀྲེམ། ལུ་ཙེམ་པོག མོ་ན་ཁོ། ཁ་ན་ཏ་སོགས་རྒྱལ་ཁབ་ནས་ཡོང་བའི་ཀློག་པ་པོ་འབོར་ཆེན་སླེབས་ཡོད་ཅིང་། ཟླ་རེར་ཆ་སྙོམས་མི་ཁྲི་བརྒྱ་ཙམ་ཟིན་པ་དང་ཉིན་རེའི་ཆ་སྙོམས་དཔེ་དེབ་ཀློག་ཡུན་སྐར་མ་50ལྷག་ཙམ་ཟིན་གྱི་ཡོད། ཀྲུང་གོ་ཡུའེ་ཝུན་ཚོགས་པ་དང་ཆི་ཏེན་རྒྱ་ཡིག་དྲ་བ་ནས་ཧྥ་རན་སེའི་སྐད་དུ་སྒྱུར་དབང་དང་གྲངས་འཛིན་པར་དབང་སྔ་རྗེས་སུ་ཐོབ་རྗེས། སྟོབས་ཤུགས་དཔེ་ཀློག་དེ་ཉིད་གོ་ལ་ཧྲིལ་པོའི་ཧྥ་རན་སེའི་སྐད་ཡིག་ཁུལ་གྱི་ཀྲུང་གོའི་དྲ་རྒྱའི་ཡིག་སྒྱུར་གླེང་སྟེགས་ཆེ་ཤོས་སུ་འགྱུར་བཞིན་ཡོད།

    དྲ་ཐོག་རྩོམ་རིག་གང་སར་ཁྱབ་པ་དེ་ཀྲུང་ཧྭ་རིག་གནས“ཕྱི་ཕྱོགས་ལ་ཁྱབ་གདལ”གཏོང་བའི་མིང་བྱང་ཞིག་ཏུ་གྱུར་ཡོད། ཁྲར་སི་ཡིས“ཀྲུང་གོའི་དྲ་རྒྱའི་རྩོམ་རིག་ལ་གསར་པའི་རང་བཞིན་དང་། བསམ་ཚོད་ནུས་པ། གསར་གཏོད་ནུས་པ་བཅས་ལྡན་ལ་དེང་རབས་མིའི་འཚོ་བ་དང་ཧ་ཅང་འཚམ་པས་ཕྱི་རྒྱལ་དུ་རིག་གནས་སྣང་ཚུལ་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་དྲ་རྒྱའི་བརྩམས་སྒྲུང་གིས་གཏམ་རྒྱུད་ཡག་པོ་རེ་རེ་བརྒྱུད་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་བསྐྲུན་ཡོད། ཀྲུང་གོའི་དྲ་རྒྱའི་རྩོམ་རིག་བརྩམས་ཆོས་ཕུལ་བྱུང་དེ་བས་མང་བ་དྲ་སྦྲེལ་བརྒྱུད་འཛམ་གླིང་ཡོངས་ལ་ཁྱབ་པའི་རེ་བ་ཡོད”ཅེས་བརྗོད་པ་རེད།

    ཀྲུང་གོའི་དྲ་རྒྱའི་རྩོམ་རིག་ཕྱི་རྒྱལ་ཁྲོམ་རར་ཁྱབ་གདལ་བཏང་བའི་གཞི་ཁྱོན་སྒོར་དུང་ཕྱུར་50ལྷག་ཟིན་པ།

    ཕྱི་རྒྱལ་གྱི་དྲ་རྒྱའི་རྩོམ་པ་པོ་ཁྲི་46གསོ་སྐྱོང་བྱས་པ།

    ཕྱི་རྒྱལ་གྱི་སྤྱོད་དུད་མི་དུང་ཕྱུར་3.5ཟིན་པ།

    གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་200ལྷག་ལ་ཁྱབ་པ།

    ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གི་དཔེ་ཀློག་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་430.6ཟིན་ནས་དུས་མཚུངས་ལས་6.8%འཕར་བ།

    དྲ་རྒྱའི་རྩོམ་རིག་གི་IPཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་2985.6བར་ཆེས་ཆེར་འཕར་ནས་དུས་མཚུངས་ལས་14.6%འཕར་བ།

    དྲ་རྒྱའི་རྩོམ་རིག་གི་རྩོམ་པ་པོའི་གཞི་ཁྱོན་ཁྲི་3000ལས་ཐོག་མར་བརྒལ་ནས་ཁྲི་3119.8ཟིན་པ།

    དྲ་རྒྱའི་རྩོམ་རིག་བརྩམས་ཆོས་ཁྲི་4165.1ཟིན་པ།

    དྲ་རྒྱའི་རྩོམ་རིག་གི་སྤྱོད་དུད་མི་དུང་ཕྱུར་5.75ཟིན་ནས་དུས་མཚུངས་ལས་10.58%འཕར་བ།

    ཧན་གོའི་ལོ་ཙཱ་བ་ཕེའོ་ནུའུ་ལི་ཡིས་བརྗོད་དོན།

    “རྒྱལ་ཁབ་དེ་བས་མང་བའི་ཀློག་པ་པོས་དཔེ་ཀློག་གི་སྤྲོ་སྣང་ཚོར་བར་བྱེད་ཀྱི་ཡིན”

    འདི་ག་ཚགས་པར་གྱི་གསར་འགོད་པ། མང་ཅིའུ་ཁྲེན།

    ཕེའོ་ནུའུ་ལི་ཡིས་ཀྲུང་གོའི་མི་བཟོས་གཙང་པོ་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ཐུབ་ནས་ལོ་བཅུ་འཁོར་བར་དྲན་གསོ་ཞུ་བ་དང“མི་བཟོས་གཙང་པོའི་སྙན་ངག་དཔེ་ཚོགས”ཧང་ཀྲོའུ་རུ་ཐོག་མར་འགྲེམ་སྤེལ་བྱེད་པའི་མཉམ་སྤྱོད་ཚོགས་འདུར་གཏམ་བཤད་སྤེལ་བཞིན་པ།

    ཧན་གོའི་ཐན་གོ་སློབ་ཆེན་གྱི་ཀྲུང་གོའི་སྐད་ཡིག་ཚན་ཁག་ཏུ་སློབ་སྦྱོང་བྱེད་དུས་ནས་བཟུང་། ཕེའོ་ནུའུ་ལི་ཀྲུང་གོའི་རྒྱུན་མཐུད་འཁྲབ་ཚན་ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད། དེར་དགའ་བའི་དབང་གིས་རྒྱུན་མཐུད་འཁྲབ་ཚན་དེ་དག་གི་རྒྱ་ཡིག་གི་མ་རྩོམ་འཚོལ་ཞིབ་དང་དཔེ་ཀློག་བྱེད་འགོ་ཚུགས། ཕྱིས་སུ་ཀྲེ་ཅང་སློབ་ཆེན་དུ་དེང་རབས་རྩོམ་རིག་ཆེད་ལས་རབ་འབྱམས་པ་དང་འབུམ་རམས་པ་འགྲིམ། ད་ལྟ་ཁོང་གིས་འབྲེལ་ཡོད་ཆེད་ལས་སྒྲིག་གཞི་དང་མཉམ་ལས་བྱས་ཏེ། ཀྲུང་གོའི་དྲ་རྒྱའི་རྩོམ་རིག་བརྩམས་ཆོས་ཧན་གོའི་སྐད་དུ་སྒྱུར་བཞིན་ཡོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གི་ཤུགས་རྐྱེན་ཧན་གོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ལྷག་པར་དུ་དེ་ལས་སྒྱུར་བཟོ་བྱས་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ཁག་གཅིག་ལ་ཧན་གོའི་གཞོན་ནུ་ཚོས་དགའ་པོ་བྱེད་ཀྱི་ཡོད་པ་རེད། ཧན་གོའི་གཙོ་ཆེའི་དྲ་ཚིགས་ཆེ་ཤོས་Naverཐོག “ཀྲུང་གོའི་དྲ་རྒྱའི་རྩོམ་རིག”ནང་འཛུལ་ཚེ་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་བརྩམས་ཆོས་དང་འབྲེལ་བ་ཡོད་པའི་འོས་སྦྱོར་སྦྱར་ཡིག་དང་། མཉམ་སྤྱོད་ཚོགས་པ། གསར་འགྱུར་སོགས་མང་པོ་རྙེད་ཐུབ་པ་མ་ཟད། ད་དུང་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གི་ཧན་གོའི་སྐད་ཀྱི་དེབ་དང་རི་མོ་ཉོ་ས་ཡང་དོན་གྱི་ཡོད་པ་རེད། མིག་སྔར། ཧན་གོར་ཡོད་པའི་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་དང་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ཆེ་ཤོས་མཉམ་སྤྱོད་ཚོགས་པ“ཀྲུང་གོའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་box”ལ་ཚོགས་མི་ཁྲི་9ཙམ་ཡོད་པ་དང་། ཚོགས་པའི་ནང་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་བརྩམས་ཆོས་དང་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་གྱི་ལེའུ་གསར་ཤོས་དུས་ཐོག་ཏུ་བཏོན་གྱི་ཡོད་པ་རེད།

    ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གི་འབྱུང་འགྱུར་འཕེལ་རྒྱས་ལ་ཕེའོ་ནུའུ་ལི་ལ་ཐུན་མོང་མ་ཡིན་པའི་ལྟ་ཚུལ་ཞིག་ཡོད། ཁོང་གིས། ཀྲུང་གོའི་དྲ་རྒྱའི་རྩོམ་རིག་འཕེལ་རྒྱས་མགྱོཌ་མྱུར་བྱུང་ནས་ཕུལ་བྱུང་དང་ཤུགས་རྐྱེན་ལྡན་པའི་བརྩམས་ཆོས་མང་པོ་ཐོན་ཡོད། འབྱུང་འགྱུར་བསམ་བློའི་རང་བཞིན་ལྡན་པ་དང་གཏིང་ཟབ་པའི་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ནས་ཀློག་པ་པོར་བསམ་གཞིག་དེ་བས་མང་བ་ཡོང་བའི་རེ་བ་ཡོད། བརྩམས་ཆོས་ཁག་གཅིག་ཡིག་སྒྱུར་བྱེད་སྐབས། ཀྲུང་གོར་དམིགས་བསལ་དུ་ཡོད་པའི་རིག་གནས་ཀྱི་ནང་དོན་ཁག་གཅིག་སྒྱུར་ཐུབ་མེད། ཕུལ་དུ་བྱུང་བའི་ལོ་ཙཱ་བ་དེ་བས་མང་བ་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་ཕྱི་རྒྱལ་དུ་ཁྱབ་གདལ་གཏོང་བར་གཞོལ་ནས། རྒྱལ་ཁབ་དེ་བས་མང་བའི་ཀློག་པ་པོས་དཔེ་ཀློག་གི་སྤྲོ་སྣང་ཚོར་ཐུབ་པར་བྱེད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    བྷང་ག་ལའི་ཕྱི་སྦྱོང་སློབ་མ་ཨན་ཏི་སི་ཡིས་བརྗོད་དོན།

    “ང་དང་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་དབར་གྱི་ལས་འབྲེལ་བསྐལ་བརྒྱའི་བར་དུ་གནས་ངེས་ལགས”

    འདི་ལོ་ནི་བྷང་ག་ལའི་བུ་མོ་ཨན་ཏི་སི་ཧྥུའུ་ཏན་སློབ་ཆེན་དུ་སློབ་སྦྱོང་བྱས་པའི་ལོ་བདུན་པ་ཡིན་པ་དང་། དངོས་གཞིའི་ཚན་ཁག་ནས་རབ་འབྱམས་པའི་བར། ཨན་ཏི་སིས་ཐོག་མཐའ་བར་གསུམ་དུ་ཧྥུའུ་ཏན་སློབ་ཆེན་གསར་འགྱུར་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད།

    ཀྲུང་གོའི་དྲ་རྒྱའི་རྩོམ་རིག་ལ་དགའ་ཞེན་དང་ཀྲུང་གོར་བཅངས་པའི་བརྩེ་དུང་ཟབ་མོའི་འོག ཨན་ཏི་སི་2018ལོར་ཧྲང་ཧའེ་ལ་སློབ་སྦྱོང་བྱེད་པར་ཡོང་། ཨན་ཏི་སི་ཡིས། “ཧྥུའུ་ཏན་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་ཡོང་རྗེས། ངས་སྔར་བཞིན་དྲ་རྒྱའི་བརྩམས་སྒྲུང་ཀློག་པའི་གོམས་གཤིས་རྒྱུན་འཁྱོངས་བྱས་པ་ཡིན། དེ་ཙམ་བྲེལ་བ་མེད་པའི་སྐབས་སུ་ཉིན་གཅིག་ལ་དེབ་གཅིག་བལྟས་ཚར་གྱི་འདུག ལོ་མང་པོའི་རིང་ཀྲུང་གོའི་དྲ་རྒྱའི་བརྩམས་སྒྲུང་བརྒྱ་ལྷག་ཙམ་བལྟས་པ་ཡིན”ཞེས་བརྗོད།

    2024ལོའི་ཟླ་4པར། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་དྲ་རྒྱའི་རྩོམ་རིག་གཟེངས་བསྟོད་རྣམ་གྲངས་ཏེ། ཀྲུང་གོའི་དྲ་རྒྱའི་རྩོམ་རིག་ཤུགས་རྐྱེན་མིང་ཐོ(2023ལོའི་ལོ་འཁོར)ཧྲང་ཧའེ་རུ་ཁྱབ་བསྒྲགས་བྱས་པ་དང་། ཀློག་པ་པོའི་འཐུས་མི་ཨན་ཏི་སི་བྱེད་སྒོ་དེར་ཞུགས་པ་རེད། ཟླ་བ་འགའ་ཤས་ཀྱི་རྗེས་སུ། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་དྲ་རྒྱའི་རྩོམ་རིག་ལྟེ་གནས་ཀྱིས་གདན་ཞུས་ལྟར། ཨན་ཏི་སི་ཡི་ཀྲུང་དབྱིན་སྐད་གཉིས་ཤན་སྦྱར་གྱི་དངོས་མཚོན་པར་གཞི《དྲ་རྒྱའི་རྩོམ་རིག་གི་ཀྲུང་གོ》ཞེས་པའི་ཕབ་ལེན་ལ་ཞུགས་པ་རེད།

    ཨན་ཏི་སིའི་འབྱུང་འགྱུར་འཆར་གཞིའི་ནང་། ཁོང་གིས་དྲ་རྒྱའི་བརྩམས་སྒྲུང་འབྲི་འཆར་ཡོད་པ་མ་ཟད། ད་དུང་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་ཕྱི་རྒྱལ་དུ་ཁྱབ་གདལ་གཏོང་མཁན་ཞིག་ཀྱང་བྱེད་འདོད་ཡོད་པ་རེད། “ངས་དྲ་སྦྲེལ་སོགས་ཀྱི་ཐབས་ལམ་བརྒྱུད་ཕྱི་རྒྱལ་གྱི་ཀློག་པ་པོར་ཀྲུང་གོའི་དྲ་རྒྱའི་བརྩམས་སྒྲུང་དང་དེ་བཞིན་མཁྱེན་རྒྱ་ཡངས་པའི་ཀྲུང་གོའི་རྩོམ་པ་པོ་ངོ་སྤྲོད་བྱེད་ཀྱི་ཡིན། ཀྲུང་གོའི་དྲ་རྒྱའི་རྩོམ་རིག་ཁྱབ་གདལ་གཏོང་བའི་ལས་དོན་དེ་སློབ་གྲྭའི་ཕྱི་ནང་ཁོར་ཡུག་གི་དབྱེ་བ་མེད་པས། སློབ་གྲྭ་ཐོན་རྗེས་ངས་ལས་ཀ་དེ་མཚམས་བཞག་གི་མིན། ང་དང་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་བར་གྱི་ལས་འབྲེལ་བསྐལ་བརྒྱའི་བར་དུ་གནས་ངེས་ལགས”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།