དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་བྱང་ཀྲོའུ་ཡིས་ཡུལ་སྐོར་ཁྲོམ་རའི་བྱེད་པོར་བྱ་དགའི་མ་དངུལ་སྒོར་ཁྲི་169ཐོག་མར་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་བྱ་དགའི་མ་དངུལ་སྤྲད་པ་སྟེ། རིག་གནས་ཡུལ་སྐོར་ཁེ་ལས་29དང་མི་སྒེར་ལ་བྱ་དགའི་མ་དངུལ་སྒོར་ཁྲི་169ཐོག་མར་སྤྲད་ནས“དངོས་སྒྲུབ་བྱེད་མཁན་ལ་བྱ་དགའ་ཆེན་པོ་སྤྲད་དེ་ཐོན་ལས་འཁོར་འབྲེལ་ལ་སྐུལ་སློང་བྱེད་པའི”བརྡ་རྟགས་དྲག་པོ་བཏང་བ་རེད།

    ཐེངས་འདིའི་མ་དངུལ་གྱི་རོགས་སྐྱོར་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོར་དམིགས་ཤིང་། སྤུས་རྟགས་གཏོད་པ་དང་། ཡུལ་སྐོར་བ་འགུག་པ། ཐོན་ལས་མཉམ་འདྲེས་སོགས་ལྟེ་བའི་ལྷུ་ཚིགས་ལ་དམིགས་ནས། རིགས་ཆེན་པོ་བཞིའི་རྣམ་གྲངས་11འདུས་པའི་བྱ་དགའི་སྲིད་ཇུས་མ་ལག་ཞིབ་ཚགས་བཙུགས་ཐོག ཡུལ་སྐོར་ལས་དོན་ཁང་གི་ཚོགས་པ་སྒྲིག་འཛུགས་དང་། རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ། རང་སྨྱན་སྦྱོར་གྱི་དྲིལ་བསྒྲགས་ཚོང་གཉེར། འབྲེལ་ཡོད་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་བྱ་དགའི་ཚད་གཞི་ཁ་གསལ་ཞིབ་ཕྲ་བཟོས་ནས།“དངུལ་སྨར”སྤྲད་དེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་འགག་རྩའི་ལས་དོན་གནད་སྨིན་བསྒྲུབས་པ་རེད། བདམས་ཐོན་བྱུང་བའི་ཁེ་ལས་དང་མི་སྒེར་ཚང་མར“དཔྱད་གཞིའི་ཡིག་ཆར་ཐོག་མའི་ཞིབ་བཤེར+རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ+སྤྱི་ཚོགས་ལ་ཁྱབ་བསྒྲགས”བཅས་རིམ་པ་མང་བའི་གདམ་གསེས་ནན་པོ་བྱས་ཡོད་པས། ལས་རིགས་འཕེལ་རྒྱས་ཀྱི་མདུན་གྲལ་སྟོབས་ཤུགས་དང་གསར་གཏོད་ཁ་ཕྱོགས་མཚོན་ཡོད་པ་རེད།

    བྱ་དགའི་རོགས་སྐྱོར་མ་དངུལ་སྤྲོད་པའི་དམིགས་ཡུལ་ནི《མཚོ་བྱང་ཀྲོའུ་ཡི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་རོགས་སྐྱོར་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རིག་གནས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་གསར་གཏོད་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་ཆེད་རེད། རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་སྤྲད་དེ་ཁེ་ལས་ཁག་ལ་རྣམ་གྲངས་དོན་འཁྱོལ་མགྱོགས་མྱུར་དང་ཞབས་ཞུའི་སྤུས་ཚད་རིམ་སྤོར་བྱེད་རོགས་བྱས་པ་དང་ཆབས་གཅིག མི་སྒེར་གྱི་ཞིབ་འཇུག་གཏིང་ཟབ་དང་ལག་ལེན་རྒྱུན་འཛིན་ལ་སྐུལ་འདེད་བཏང་སྟེ། རིག་གནས་ཡུལ་སྐོར་ཐོན་ལས་ལ་སྒུལ་ཤུགས་སྟོབས་ཆེན་སྣོན་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 《ཞིབ་སྲོལ》དེ་2024ལོའི་ཟླ་8ཚེས་26ཉིན་ནས་ལག་ལེན་བསྟར་འགོ་ཚུགས་པ་དང་2026ལོའི་ཟླ་8ཚེས་25ཉིན་བར་གོ་ཆོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།