ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་ནས་མཉམ་ཤུགས་ཆགས་པར་བྱས་པ།
མངའ་རིས་ས་ཁུལ་གྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་གཞི་རིམ་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལམ་སྲོལ་གསར་པར་བརྟེན་ནས་གསོན་ཤུགས་གསར་པ་འཕེལ་བར་བྱེད་པ་དང་། ཏང་འཛུགས་སྐྱོང་གི་འཁོར་འབྲེལ་ལ་བརྟེན་ནས་ཐོན་ལས་འཁོར་འབྲེལ་ལ་མཐུན་རྐྱེན་སྦྱོར་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། ལམ་སྲོལ་འགན་སྲུང་། ཤེས་ལྡན་པའི་འདེགས་སྐྱོར། ཐོན་ལས་དར་རྒྱས་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་ལག་བསྟར་བཅས་བྱས་ཏེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།
ལམ་སྲོལ་འཛུགས་པའི་ཐད་མངའ་རིས་ས་ཁུལ་གྱིས་ཏང་རྩ་འཛུགས་ཀྱིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ལམ་སྲོལ་བཙུགས་པ་དང“གྲོང་ཚོ་རེར་ཐབས་ཇུས་རེ”ལག་བསྟར་བྱས་ནས་འཕེལ་རྒྱས་ཀྱི་ཐབས་ལམ་གནད་ལ་འཁེལ་པོས་འཆར་འགོད་བྱས་ཏེ། ཏང་འཛུགས་སྐྱོང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ལ་སྣེ་ཁྲིད་བྱེད་པའི་ཐད་གྲོས་བསྡུར་ཐེངས་600ལྷག་ཙམ་བྱས་ནས་འཕེལ་རྒྱས་ཀྱི་ཚན་རིག་རང་བཞིན་དང་། རྒྱང་ལྟའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
མངའ་རིས་ས་ཁུལ་གྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་དེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་རྨང་གཞིར་བརྩིས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། འདེམས་སྒྲུག བཀོལ་སྤྱོད་བཅས་ལ་སྤྱི་འདོམས་ཡག་པོ་བྱས་ཡོད། ཕྱོགས་གཅིག་ནས་ལས་བྱེད་པ་འདེམས་སྒྲུག་གི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། གྲོང་ཚོའི་ལས་བྱེད་པ་གཙོ་བོ་དང“ཨུ་ལྷན་གཉིས”ཀྱི་ཁོངས་མི་867བཀོད་སྒྲིག་ཡག་པོ་བྱས་པ་དང་། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་1225གྲབས་གསོག་བྱས་པ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་133མང་དུ་བཏང་བ། གྲོང་སྡོད་ལས་བྱེད་པ་626འདེམས་མངགས་བྱས་ཡོད། ཕྱོགས་གཞན་ཞིག་ནས“སྣེ་ཁྲིད་གཉིས་དང་གསོ་སྐྱོང་གསུམ”གྱི་ལས་དོན་ཏན་ཏིག་སྤེལ་ཞིང་། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་309གསོ་སྐྱོང་བྱས་པ་དང་། མང་ཚོགས་1983ལ་ཕྱུག་འགྱུར་སྣེ་ཁྲིད་བྱས་པ། ཕྱུག་འགྱུར་འཇོན་ཐང་ཅན་139ཏང་ཡོན་ལ་གསོ་སྐྱོང་བྱས་པ། ཏང་ཡོན་237ཕྱུག་འགྱུར་འཇོན་ཐང་ཅན་དུ་གསོ་སྐྱོང་བྱས་པ། ཕྱུག་འགྱུར་སྣེ་ཁྲིད་པ་106“ཨུ་ལྷན་གཉིས”ཀྱི་ལས་བྱེད་པར་གསོ་སྐྱོང་བྱས་ཡོད། ཕྱིར་སློབ་སྦྱོང་དང་གཅིག་སྡུད་གསོ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་མི་ཐེངས་2880གསོ་སྦྱོང་ཐེངས་1511ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ནས། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པའི་ལས་གནས་རེས་འཁོར་སྦྱོང་བརྡར་རྒྱུན་ལྡན་ཅན་དུ་གྱུར་བར་བྱས་ཏེ་ཡུལ་དེ་གའི་ཤེས་ལྡན་མི་སྣའི་གསོན་ཤུགས་འཕེལ་བར་བྱས་ཡོད།
མངའ་རིས་ས་ཁུལ་གྱིས“ཡུལ་བབ་དང་བསྟུན་པ་དང་། འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པ། དར་རྒྱས་ལ་རམ་འདེགས”བཅས་ཀྱི་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པའི་མ་དངུལ་དང་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ལས་ཀའི་གྲོན་དངུལ་སོགས་མ་དངུལ་སྒོར་ཁྲི་8519.5ལྷག་ཙམ་བསྡུ་སྒྲིལ་བྱས་ཏེ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཁག་147ལ་བཏང་ནས་རང་བརྟེན་ནུས་པ་ཆེ་རུ་བཏང་བ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་མཛུབ་ཁྲིད་ལམ་སྲོལ་བཙུགས་པ་དང་། མངའ་རིས་ས་ཁུལ་གྱི་གྲོང་སྡོད་ལས་བྱེད་པ་626སོགས་ཀྱི་གཞི་རིམ་སྟོབས་ཤུགས་ཀྱི་ནུས་པ་བཏོན་པ། འཕེལ་རྒྱས་ཀྱི་གྲོས་འགོ་696བསྡུ་རུབ་བྱས་པ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ལ་མཐོང་ཐོས་མྱོང་གསུམ་གྱི་དཔྱད་གཞི་མཁོ་འདོན་བྱས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ་རེད། གཞན་ཡང་། ཏང་རྩ་འཛུགས་དང་། མཉམ་ལས་ཁང་། ཞིང་འབྲོག་པ་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་སྤྱད་པའི་ཁར། རྒྱལ་ཁབ་གློག་དྲའི“རིག་ནུས་ཞིང་སྐྱོར་ཚོགས”APPདང་དངོས་རྫས་བརྗེ་རེས་ཚོང་འདུས་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་བཏང་ཡོད། 2024ལོར་མངའ་རིས་ས་ཁུལ་གྱི་གྲོང་ཚོ(སྡེ་ཁུལ)མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་དུང་ཕྱུར་2.24ལྷག་ཙམ་ཟིན་པ་དང་། སྒོར་དུང་ཕྱུར་1.1ལྷག་ཙམ་བགོ་འགྲེམས་བརྒྱབ་པ། མི་18591ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱ་ཆེའི་མང་ཚོགས་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་ཡོད།