དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཉིས་བཀུར་གྱི་གཏམ་རྒྱུད་ནི་ནམ་མཁའི་སྐར་ཚོགས་བཞིན་བགྲང་གིས་མི་ལང་།

    རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྲོ་མོ་རྫོང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-15

    དེ་ནི་ལོ་40ཡི་གོང་ནས་འགོ་ཚུགས་ཤིང་། ད་ལྟ་སྔར་བཞིན་མཐའ་སྲུང་དཔོན་དམག་ལ་སེམས་འགུལ་ཐེབས་པ་མ་ཟད། མཐའ་མཚམས་མི་དམངས་ལ་དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་སེམས་མུ་མཐུད་ཟབ་ཏུ་འགྲོ་བར་ལྕག་སྐུལ་གཏོང་བའི་གཏམ་རྒྱུད་ཅིག་ཡིན་ཏེ། 1982ལོའི་ཟླ་6པའི་ཟླ་མཇུག་གི་ཉིན་ཞིག་ལ། ཁང་དམར་རྫོང་ནས་གྲོ་མོ་རྫོང་གྲོ་མོ་སྨད་ཤང་རིན་ཆེན་སྒང་གྲོང་ཚོར་མནའ་མར་ཡོང་བའི་ཟླ་སྐྱིད་དང་ཨ་མ་རིག་གྲུབ་མཉམ་དུ་ཐོ་རེངས་ཆུ་ཚོད་4པ་ནས་རྡོག་ཐོན་བྱས་ཤིང་། རང་ཁྱིམ་གྱི་ས་ཞིང་ནས་བཀོག་པའི་སྔོ་ཚལ་ཁྱེར་ནས་རྐང་ཐང་མར་ཆུ་ཚོད་བརྒྱད་དགུ་ཙམ་བསྐྱོད་དེ་སྔོ་ཚལ་མཐའ་སྲུང་སོ་ལྟ་ཁང་གི་དཔོན་དམག་ཚོར་ཐེངས་དང་པོ་བསྐྱལ་བ་རེད། དུས་དེ་ནས་ཟླ་སྐྱིད་དང་། ཕུར་ཚེ། ཚེ་རིང་ཆོས་སྒྲོན་བཅས་ཨ་མ་རྒན་མོ་གསུམ་གྱིས་སྣེ་ཁྲིད་པའི་ཡུལ་དེ་གའི་མང་ཚོགས་ཀྱིས་སོ་ལྟ་ཁང་གི་དཔོན་དམག་ལ་སྔོ་ཚལ་དང་འཕྲིན་ཡིག་བསྐྱལ་ནས་ད་བར་ལོ་བཅུ་ཕྲག་ཁ་ཤས་ཕྱིན། 2009ལོའི་རྗེས་སུ་མཐའ་སྲུང་སོ་ལྟ་ཁང་གི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་ལེགས་སུ་ཕྱིན་པ་ནས་བཟུང་སྔོ་ཚལ་སྐྱེལ་དགོས་ཀྱི་མེད། འོན་ཀྱང་དམག་དཔུང་གིས་དཀའ་སྡུག་གི་ལོ་ཟླའི་ནང“ཨ་མ་རྒན་མོ་གསུམ”གྱིས་སྒེར་སེམས་མེད་པར་རོགས་རམ་བྱས་པ་བརྗེད་མེད། རྒྱུན་གཏན་ནས་ཁོང་ཚོར་འཚམས་འདྲི་དང་རོགས་རམ་བྱས་ནས་ཚེ་མཇུག་བདེ་ལ་རོལ་ཐུབ་པའི་རོགས་རམ་བྱེད་ཀྱི་ཡོད།

    དེ་ནི་དུས་རབས་གསར་པ་ཤར་ཚུན། དང་བླངས་དམག་མི་ཞིག་དམག་ཞབས་ཐིམ་རྗེས་བཅའ་སྡོད་བྱ་ཡུལ་ཕ་ཡུལ་དང་ཡུལ་དེ་གའི་མང་ཚོགས་གཉེན་ཉེར་བརྩིས་པའི་གཏམ་རྒྱུད་ཅིག་ཡིན་ཏེ། སི་ཁྲོན་ནན་ཁྲུང་ནས་ཡིན་པའི་ཀྲུའུ་ཞང་ཝུའུ་ཡིས་གྲོ་མོ་རྫོང་དུ་དམག་མི་བྱས་ནས་ལོ་14སོང་ཞིང་། དེ་སྔ་རྒྱལ་ཁབ་ཀྱི་རྒྱུ་ནོར་སྲུང་སྐྱོང་བྱེད་སྐབས་རྨས་སྐྱོན་ཕོག་སྟེ་སྲོག་ཉེན་ལ་ཐུག་སྐབས། གཤགས་བཅོས་བྱེད་ལ་ཉེ་བའི་ཨ་ཅག་ཅིག་གིས་གཤགས་བཅོས་ཁང་ནས་དོན་ཏེ་སྨན་པར་སྔོན་ལ་ཀྲུའུ་ཞང་ཝུའུ་མྱུར་སྐྱོབ་བྱེད་དགོས་པའི་རེ་བ་བཏོན། ཀྲུའུ་ཞང་ཝུའུ་ཡིས་གྲོ་མོའི་མི་དམངས་ཀྱིས་རང་ཉིད་བསྐྱབས་པར་བཀའ་དྲིན་བསམས་ནས་དམག་ཞབས་ཐིམ་རྗེས་ཐེ་ཚོམ་མེད་པར་གྲོ་མོར་བསྡད་དེ་རང་ཉིད་ཀྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་གྲོ་མོའི་མི་དམངས་དང་མཐའ་སྲུང་དཔོན་དམག་ལ་ཞབས་འདེགས་ཞུས་ཡོད། ལོ་ངོ་20ལྷག་ཙམ་རིང་། གྲོ་མོ་རྫོང་གི་ས་བབ་མཐོ་བའི་རྒྱང་རིང་སོ་ལྟ་ཁང་ཁག་དང་བར་ཐག་ཉེ་བའི་གྲོ་མོ་རྫོང་གྲོང་གི་དུད་ཁྱིམ་གང་སར་སྨན་སྒམ་རྒྱབ་ཏུ་ཁུར་ནས་ནད་གཞི་ལྟ་བ་དང་སྨན་སྤྲོད་པའི་ཀྲུའུ་ཞང་ཝུའུ་ཡི་གཟུགས་བརྙན་་མཐོང་རྒྱུ་ཡོད།

    འདི་ནི་ལོ་འགའི་གོང་ཐོན་པའི་དཔུང་སྡེས་ས་གནས་དབུལ་སྒྲོལ་དང་མང་ཚོགས་ཕྱུག་འགྱུར་ལ་རམ་འདེགས་བྱས་རྗེས་བཀའ་དྲིན་བརྗེད་མེད་པའི་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གཏམ་རྒྱུད་ཅིག་ཡིན་ཏེ། ས་གནས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པར་རོགས་རམ་བྱ་ཆེད། ཡུལ་དེ་གར་བཅའ་སྡོད་དཔུང་སྡེས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་ཞིང་འབྲོག་མང་ཚོགས་ལ་ཐབས་འདོན་ཇུས་འགོད་བྱས་པ་རེད།

    སྒང་དགུ་གྲོང་ཚོའི་གྲོང་མི་ཕུན་ཚོགས་ལྷ་མོ་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་དབུལ་པོ་ཡིན་པ་ཤེས་རྗེས། དཔུང་སྡེས་དུས་ཡུན་རིང་པོར་ཁོང་གི་ཚོང་ཁང་ནས་འཚོ་བའི་དངོས་ཟོག་ཉོས་པས་ཁོང་གི་ཡོང་འབབ་མང་དུ་སོང་ནས་དབུལ་སྒྲོལ་ཐུབ་པ་རེད། ཕུན་ཚོགས་ལྷ་མོ་ཕྱུག་པོ་ཆགས་རྗེས་ས་དཔུང་སྡེའི་རོགས་རམ་མ་བརྗེད་པར་རང་ཉིད་ཀྱི་ཚོང་ཁང་ལ“ལྷ་མོའི་དམག་མིའི་་ཞབས་ཞུའི་ས་ཚིགས”ཞེས་མིང་བསྒྱུར་ནས་དམག་མི་ཚོར་ཇ་མངར་མོ་དང་ཆུ་ཚ་པོ་དང་། འཕྲལ་མཁོའི་གློག་གསོག གྱོན་ཆས་འཚེམ་པ། ཆར་གོས་ཆར་གདུགས། ངལ་གསོའི་རྐུབ་སྟེགས། ཐུམ་སྒྲིལ་ལེན་སྐུར་སོགས་ཀྱི་ཞབས་ཞུ་རིན་རིན་མེད་ངང་མཁོ་འདོན་བྱས་ཡོད།

    དམག་གིས་དམངས་ལ་ཞེན། དམངས་ཀྱིས་དམག་ལ་བཀུར། གྲོ་མོ་རྫོང་དུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་གཉིས་བཀུར་གྱི་གཏམ་རྒྱུད་གནམ་གྱི་སྐར་མ་བཞིན་དུ་བགྲང་གིས་མི་ལང་།

    གྲོ་མོ་རྫོང་ནི་རྒྱ་གར་དང་འབྲུག་ཡུལ་དང་ས་མཚམས་འབྲེལ་བས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་མདུན་གྲལ་དུ་གནས་ཡོད། དུས་ཡུན་རིང་པོའི་ནང་དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་མཉམ་དུ་མཐའ་མཚམས་སྲུང་སྐྱོང་དང་མཉམ་དུ་མཐའ་མཚམས་འཛུགས་སྐྲུན་བྱེད་རིང་། “དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས”ཀྱི་གཟི་བརྗིད་སྲོལ་རྒྱུན་ཆགས་པ་དང་། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་རྫོང”ཞེས་པའི་མཚན་སྙན་ཐེངས་བདུན་ཐོབ་ཡོད།

    ཉེ་བའི་ལོ་ཤས་རིང་། གྲོ་མོ་རྫོང་གིས་དམག་བཀུར་གཡུལ་སྐྱོར་ལ་དམ་འཛིན་དང་། དམག་བཀུར་སྲིད་ཇུས་དོན་འཁྱོལ། དམག་བཀུར་ཞབས་ཞུ་ལེགས་སྒྲུབ་བཅས་བྱས་ནས་དཔུང་སྡེས་དམག་འཐབ་སྦྱོང་བརྡར་དང་ས་གནས་ཀྱིས་གཡུལ་སྐྱོར་སྦྱོང་བརྡར་གྱི་རྣམ་པ་བཟང་པོ་ཆགས་ཡོད། དེ་དང་དུས་མཚུངས། ཡུལ་དེ་གར་བཅའ་སྡོད་དཔུང་སྡེའི་ཆུ་གློག་ལམ་འཕྲིན་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་དང་རིག་གནས་ལུས་རྩལ་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་སྟེ། “དུས་ཆེན་ཆེ་གྲས་གསུམ”གྱི་འཚམས་འདྲིའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། བྱེད་ཐབས་མང་པོར་བརྟེན་ནས་དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་བྱས་པ། དམག་མིའི་བུ་ཕྲུག་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་དོན་འཁྱོལ་བྱས་ནས། དམག་མིའི་ཁྱིམ་མིའི་གཟི་བརྗིད་ལྡན་པའི་བསམ་པ་དང་གཏོགས་སེམས་ཆེ་རུ་སོང་ཡོད།

    ཡུལ་ཕྱོགས་གཅིག་ཏུ་བཅའ་སྡོད་ཀྱིས། ས་ཕྱོགས་གཅིག་ལ་ཕན་བདེ་བསྐྲུན། གྲོ་མོ་རྫོང་དུ་བཅའ་སྡོད་དཔུང་སྡེས་མཐའ་སྲུང་ས་བརྟན་དང་། མཐའ་མཚམས་འཛུགས་སྐྲུན། མཐའ་དམངས་ཕྱུག་འགྱུར་བཅས་ཀྱི་ལས་དོན་ཁྲོད་ཁུར་ཆེན་ཕྲག་ཏུ་འཁུར་རྒྱུ་མཐའ་འཁྱོངས་ཀྱིས། སྲིད་བཀུར་དམངས་གཅེས་དམངས་ཆེད་ལ་སྐུལ་འདེད་བཏང་ནས་ཟབ་ཚད་སྔར་བས་ལྡན་པར་བརྟེན། བཅའ་སྡོད་བྱ་ཡུལ་མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད།

    གཉིས་བཀུར་གྱི་གཏམ་རྒྱུད་བརྗོད་ནས་བརྗོད་མི་ཚར། ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོས་ཁྱབ། གངས་ལྗོངས་མཐའ་མཚམས་གྲོ་མོའི་ཡུལ་དུ། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དེ་དམག་དམངས་མི་རབས་ནས་མི་རབས་ཀྱིས་རྒྱུན་འཛིན་བྱས་ཏེ། ནམ་ཡང་ཉམས་པ་མེད་པར་གཟི་འོད་འཚེར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།