དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ཁག་28ནས་ཕྱེད་ཀ་ལྷག་ཙམ་ལེགས་སྒྲུབ་ཟིན་པ།
བོད་ཀྱི་དམངས་འཚོའི་བདེ་སྐྱིད་ཀྱི་རྨང་གཞི་ཟབ་ཏུ་ཕྱིན་པ།
གསར་འགོད་པས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། ཟླ་བ་5པ་བར་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་157གཤམ་སྤྲོད་བྱས་པ་དང་། དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ཁག་28ནས་ཕྱེད་ཀ་ལྷག་ཙམ་ལེགས་སྒྲུབ་ཟིན་པ། ཚད་འདེགས་རིགས་ཀྱི་རྣམ་གྲངས་15དང་རོགས་སྐྱོར་རིགས་ཀྱི་རྣམ་གྲངས་1ཚང་མ་ལེགས་སྒྲུབ་ཟིན་པ། རོགས་སྐྱོར་རིགས་དང་འཛུགས་སྐྲུན་རིགས་ཀྱི་རྣམ་གྲངས་གཞན་དག་12གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པས། དམངས་འཚོའི་བྱ་བ་དངོས་ཀྱི་ཕན་འབྲས་རིམ་གྱིས་མངོན་བཞིན་ཡོད།
ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“མ་དངུལ་སྒོར་དུང་ཕྱུར་148བཀོད་སྒྲིག་བྱས་ནས་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ཁག་28ལག་བསྟར་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས”ཞེས་བཏོན་ཡོད། ད་ལོ་བཀོད་སྒྲིག་བྱས་པའི་དམངས་འཚོའི་བྱ་བ་དངོས་རྣམ་གྲངས་2024ལོ་དང་བསྡུར་ན་རྣམ་གྲངས་7གྱིས་མང་དུ་ཕྱིན་པ་མ་ཟད། མ་དངུལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་16.2འཕར་ཡོད། “ལས་ཀར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་རང་སྐྱོང་ལྗོངས་ཀྱིས་གནས་ཚུལ་དངོས་དང་བསྟུན་ནས་མ་དངུལ་སྒོར་དུང་ཕྱུར་9མང་དུ་བཏང་བ་མ་ཟད། དམངས་འཚོའི་བྱ་བ་དངོས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྲིད་ཇུས་ཀྱི་ཕན་པ་མི་ཚང་མར་ཐོབ་པའི་འགན་ལེན་བྱས་ཡོད”ཅེས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་སྔོན་རྩིས་ཁྲུའུ་ཡི་ལས་དོན་པ་ཕུའུ་ཅང་ལུང་གིས་གསར་འགོད་པར་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། ལེགས་སྒྲུབ་ཟིན་པའི་ཚད་འདེགས་རིགས་ཀྱི་རྣམ་གྲངས་ཁག་15ཡི་ནང་བོད་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ལོ་རེའི་སློབ་མ་རེའི་ཆ་སྙོམས་ཀྱི་ཁ་གསབ་ཚད་གཞི་སྒོར་80མཐོ་རུ་བཏང་ནས་སྒོར་5700ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཟུགས་གཞི་བརྟག་དཔྱད་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་64མཐོ་རུ་བཏང་བ་དང་། གྲོང་མི་དཀྱུས་མར་སྒོར་164ཟིན་པ། ལོ་65ཡན་གྱི་གྲོང་མིར་སྒོར་200ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ལོ་རེའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་120མཐོ་རུ་བཏང་ནས་སྒོར་3300ཟིན་ཡོད། བོད་ཀྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། སློབ་མའི་ལྟོ་ཆས་དེ་བས་འཚོ་བཅུད་ལྡན་པ། གྲོང་མིར་གཟུགས་པོ་བརྟག་དཔྱད་བྱེད་པའི་གཞི་ཁྱོན་དེ་བས་ཆེ་རུ་ཕྱིན་པ། གཞི་རྩའི་སྨན་བཅོས་སྲིད་ཇུས་དེ་བས་ལེགས་པ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་འགན་སྲུང་ནུས་ལྡན་ཐུབ་པ། བྱིས་པར་སློབ་གསོ་རྒྱག་མཁན་ཡོད་པ་དང་། རྒས་དུས་འཚོ་རྟེན་ཡོད་པ། ན་དུས་སྨན་བཅོས་བྱེད་མཁན་ཡོད་པ། དཀའ་ངལ་འཕྲད་སྐབས་རོགས་སྐྱོར་བྱེད་མཁན་ཡོད་པ་བཅས་ལས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་རྒྱུན་ཆད་མེད་པར་བསྐངས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཐོན་ཁུངས་བཀོད་སྒྲིག་རྒྱུན་མཐུད་ལེགས་སུ་བཏང་ནས་ལས་དོན་རེ་རེ་བཞིན་དོན་ཐོག་འཁྱོལ་བར་སྐུལ་འདེད་བཏང་བ་མ་ཟད། དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ཁག་28ཀྱི“ལས་དོན་ཚང་མར་དོན་འཁྱོལ་ཐུབ་པ་དང་། ལས་དོན་ཚང་མར་ཕན་འབྲས་ཐོན་པའི”འགན་ལེན་བྱས་ཏེ་གངས་ལྗོངས་ས་མཐོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དྲོ་སྐྱིད་དང་སྟོབས་ཤུགས་དེ་བས་མང་བ་བསྣན་རྒྱུ་རེད།