དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཁྲེན་ཡུན་འཁྲུངས་ནས་ལོ་ངོ་120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོཌ་པ།

    ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-06-15

    ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་པ། ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་བ།

    ཟླ་6ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བློ་མཐུན་ཁྲེན་ཡུན་འཁྲུངས་ནས་ལོ་ངོ་120འཁོར་བར་དྲན་གསོ་ཞུས་ཤིང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། བློ་མཐུན་ཁྲེན་ཡུན་འཁྲུངས་ནས་ལོ་ངོ་120འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་བློ་མཐུན་ཁྲེན་ཡུན་གྱི་སྐུ་ཚེ་ཧྲིལ་པོ་ནི་རླབས་ཆེན་དང་གཟི་བརྗིད་ཀྱི་སྐུ་ཚེ་ཧྲིལ་པོ་རེད། ཁོང་གིས་འཛུགས་གཏོད་གནང་བའི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་དང་། གསར་གཏོད་གནང་བའི་ཕུན་སུམ་ཚོགས་པའི་འགོ་ཁྲིད་ཀྱི་ཉམས་མྱོང་། ཕྱོགས་སྡོམ་གནང་བའི་ཚན་རིག་དང་མཐུན་པའི་དགོངས་པ་བཞེས་སྟངས་དང་ཕྱག་ལས་གནང་སྟངས་བཅས་ནི་ཇི་སྲིད་བར་དུ་ང་ཚོའི་རྒྱུ་ནོར་རྩ་ཆེན་རེད། དེས་ན་ང་ཚོས་སློབ་སྦྱོང་དང་བེད་སྤྱོད་ནན་ཏན་ངང་བྱེད་པ་དང་ཆབས་ཅིག དོན་དངོས་དང་ཟུང་འབྲེལ་གྱིས་དར་རྒྱས་གོང་འཕེལ་བཏང་སྟེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་འབད་འཐབ་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བློ་མཐུན་ཁྲེན་ཡུན་གྱི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོར་ཕྱིར་དྲན་དང་། རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ཆེད་བཞག་གནང་བའི་ཉམས་མེད་ཀྱི་མཛད་རྗེས་ཕྱོགས་སྡོམ་གནང་བ་དང་སྦྲགས། བློ་མཐུན་ཁྲེན་ཡུན་ནི་རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། ཕུལ་དུ་བྱུང་བའི་མར་ཁེ་སི་རིང་ལུགས་པ། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་གསར་གཏོད་པ་དང་རྨང་གཞི་འདིང་མཁན་གྱི་གྲས། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་ཚོད་བགམ་ཐེག་པའི་ཕུལ་དུ་བྱུང་བའི་འགོ་ཁྲིད་པ། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་དང་པོ་དང་བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གཉིས་པའི་ཁོངས་མི་གལ་ཆེན་བཅས་རེད། ཁོང་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཁྲེན་ཡུན་གྱིས་ཡུན་རིང་གི་གསར་བརྗེའི་བརྒྱུད་རིམ་ཁྲོད་འཛུགས་གཏོད་དང་མཐའ་འཁྱོངས་གནང་བའི་སྲ་ཞིང་བརྟན་པའི་ཕུགས་བསམ་དད་སེམས་དང་། འགྱུར་མེད་ཀྱི་ཏང་གཤིས་རྩ་དོན། དམ་པ་དོན་གཉེར་གྱི་སྤྱོད་ཚུལ། བབ་ཆགས་སྤྱི་ཞབས་པའི་བརྩེ་སེམས། སློབ་སྦྱོང་ལ་བརྩོན་འགྲུས་ཀྱི་སྙིང་སྟོབས་བཅས་ལས་གུང་ཁྲན་ཏང་མིའི་བླ་ན་མེད་པའི་གཤིས་རྒྱུད་མཚོན་གྱི་ཡོད། དེས་ན་ང་ཚོས་བློ་མཐུན་ཁྲེན་ཡུན་གྱི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་སློབ་སྦྱོང་བྱས་ཏེ། ཕུགས་བསམ་དད་སེམས་བརྟན་དུ་དང་རྒྱལ་ཁ་འཐོབ་ངེས་ཀྱི་ཡིད་ཆེས་ཆེ་རུ་བཏང་ནས། འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་དང་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རང་རྟོགས་ངང་ལག་ལེན་བསྟར་བ་དང་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དེ། མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱོད་ཚུལ་ལེགས་གཏོང་གི་ཕན་འབྲས་དངོས་ཐོབ་པར་བྱས་ནས་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་མཐུན་ཁྲེན་ཡུན་གྱིས་ཁྱབ་ཁོངས་གང་ཞིག་གི་འགན་བཞེས་པ་དང་། འགོ་ཁྲིད་ཀྱི་ལས་གནས་གང་འདྲ་ཞིག་འགན་བཞེས་རུང་། ཁོང་གིས་རྟག་ཏུ་སློབ་སྦྱོང་ལ་བརྩོན་འགྲུས་དང་། ཞིབ་འཇུག་གཏིང་ཟབ། ཆོས་ཉིད་འཚོལ་ཞིབ། གནད་འགག་ལ་དམ་འཛིན་བཅས་གནང་ནས་ཕུལ་དུ་བྱུང་བའི་འགོ་ཁྲིད་ཀྱི་འཇོན་ཐང་མངོན་པར་གནང་ཡོད་ལ། ད་ལྟའི་བར་དུ་སྔར་བཞིན་དོན་སྙིང་གལ་ཆེན་ལྡན་པའི་འགོ་ཁྲིད་ཀྱི་ཉམས་མྱོང་མང་པོའང་གསར་གཏོད་གནང་ཡོད། དེས་ན་ང་ཚོས་བློ་མཐུན་ཁྲེན་ཡུན་གྱི་ཕུན་སུམ་ཚོགས་པའི་འགོ་ཁྲིད་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་ཏེ། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འགོ་ཁྲིད་ཀྱི་ནུས་པ་ཆེ་རུ་དང་རང་ངོས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུར་མགྱོགས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་དང་གསོན་ཤུགས་དེ་བས་མང་བ་སྣོན་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་གི་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བའི་འགན་ལེན་བྱེད་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ་ནི་བློ་མཐུན་ཁྲེན་ཡུན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། ཁོང་གིས“གོང་རིམ་དང་ཡིག་ཆ་ཁོ་ནར་མི་བརྟེན་པར་དོན་དངོས་ལ་གཞིགས་ནས་བརྗེ་རེས་དང་། བསྡུར་བ། བསྐྱར་ཟློས་བཅས་བྱེད་པ”ཡི་དངོས་གཙོའི་རྩོད་སྒྲུབ་རིགས་པ་དེ་འདྲ་ཞིག་བཙོ་སྦྱངས་གནང་ཞིང་། འཐབ་ཇུས་ཐོག་ནས་གནད་དོན་ལ་བསམ་གཞིག་བྱེད་མཁས་པོ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་ཐབས་ཇུས་གཏན་འབེབས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་དུ་བརྩིས་གནང་གི་ཡོད། དེས་ན་ང་ཚོས་བློ་མཐུན་ཁྲེན་ཡུན་གྱི་ཚན་རིག་དང་མཐུན་པའི་དགོངས་པ་བཞེས་སྟངས་དང་ཕྱག་ལས་གནང་སྟངས་སློབ་སྦྱོང་བྱེད་པ་དང་། ཏང་གི་བསམ་བློའི་ལམ་ཕྱོགས་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་གསུམ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། དུས་བབ་གསལ་རྟོགས་དང་ཚན་རིག་དང་མཐུན་པའི་སྒོ་ནས་འབྱུང་འགྱུར་འཆར་འགོད་ཀྱིས་ལས་ཀའི་བརྒྱུད་རིམ་རང་བཞིན་དང་། སྔོན་དཔག་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གི་སྤུས་ཚད་གོང་མཐོར་གཏོང་དགོས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། འཕེལ་ཕྱོགས་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པ་དང་གཞི་རིམ་གྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་འདུན་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཐབས་ཇུས་དེ་དོན་དངོས་དང་མཐུན་པ་དང་མི་དམངས་མང་ཚོགས་ཀྱི་རེ་འདུན་དང་དེ་བས་མཐུན་པར་བྱེད་དགོས།

    ཀྲའོ་ལེ་ཅི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་བློ་མཐུན་ཁྲེན་ཡུན་གྱི་རླབས་ཆེན་དང་གཟི་བརྗིད་ཀྱི་སྐུ་ཚེ་ཧྲིལ་པོར་བརྩེ་བ་ཟབ་མོས་ཕྱིར་དྲན་གནང་ཞིང་། བློ་མཐུན་ཁྲེན་ཡུན་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་བཞག་གནང་བའི་ཉམས་མེད་ཀྱི་མཛད་རྗེས་ལ་གདེང་འཇོག་ཆེན་པོ་གནང་སྟེ། ཏང་ཡོངས་ལ་བློ་མཐུན་ཁྲེན་ཡུན་གྱི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་དང་། ཕུན་སུམ་ཚོགས་པའི་འགོ་ཁྲིད་ཀྱི་ཉམས་མྱོང་། ཚན་རིག་དང་མཐུན་པའི་དགོངས་པ་བཞེས་སྟངས་དང་ཕྱག་ལས་གནང་སྟངས་བཅས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་གནང་བ་མ་ཟད། མཐོ་གཟིགས་འོག་བསྐྱངས་དང་གནད་འཁེལ་གཏིང་ཟབ་ཀྱི་གསུང་བཤད་དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དེ་ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་དང་། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། དེས་ན་ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།