དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་10%ལྷག་ཙམ་འཕར་བ།

    ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་གི་བསྡུར་གྲངས་བཟུང་ཚད་44%ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-14

    ཚེས་11ཉིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་རླངས་འཁོར་ལས་རིགས་ཀྱི་སྤྱིའི་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཞིང་། ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་གྲངས་གནས་གཉིས་འཕར་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་ལྔ་པའི་བར། རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་1282.6དང་ཁྲི་1274.8ཟིན་པ་དེ་དུས་མཚུངས་ལས་12.7%དང་10.9%སོ་སོར་འཕར་ཡོད། དེའི་ནང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་569.9དང་ཁྲི་560.8ཟིན་པ་དེ་དུས་མཚུངས་ལས་45.2%དང་44%སོ་སོར་འཕར་ནས། ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་རླངས་འཁོར་གསར་པའི་ཕྱིར་ཚོང་བསྡོམས་འབོར་གྱི་44%ཟིན་ཡོད་པ་རེད།

    “གསར་གཉིས”སྲིད་ཇུས་ཤུགས་ཆེན་འདོན་པ་དང་། ཕན་འབྲས་རྒྱུན་མཐུད་ཐོན་པ། རླངས་འཁོར་ཁེ་ལས་ཀྱི་ཐོན་རྫས་གསར་པ་འདོན་པ་སོགས་ཀྱི་རྒྱུ་རྐྱེན་བཟང་པོས་རླངས་འཁོར་ཁྲོམ་རའི་འཛད་སྤྱོད་གསོན་ཤུགས་གང་མགྱོགས་འཕེལ་བར་རམ་འདེགས་ཐུབ་ཡོད། ཟླ་བ་དང་པོ་ནས་ལྔ་པའི་བར། རྒྱལ་ནང་དུ་རླངས་འཁོར་ཁྲི་1025.8བཙོངས་པ་དེ་དུས་མཚུངས་ལས་11.7%འཕར་ཡོད། ཟླ་བ་ལྔ་པ་ཁོ་ནར། རྒྱལ་ནང་དུ་རླངས་འཁོར་ཁྲི་213.5བཙོངས་པ་དེ་དུས་མཚུངས་ལས་10.3%འཕར་ཡོད་པ་རེད།

    ཕྱིར་གཏོང་ཐད། ཟླ་བ་དང་པོ་ནས་ལྔ་པའི་བར། རླངས་འཁོར་ཁྲི་249ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་7.9%འཕར་ཡོད། དེའི་ནང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་85.5ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་64.6%འཕར་ཡོད། ཟླ་བ་ལྔ་པ་ཁོ་ནར། ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་21.2ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་ལྡབ་1.2འཕར་ཡོད་པ་རེད།

    འགྲུལ་སྐྱེལ་རླངས་འཁོར་ཁྲོམ་རར་རྒྱུན་མཐུད་རྣམ་པ་བཟང་པོ་མངོན་ཞིང་། ཟླ་དང་པོ་ནས་ལྔ་པའི་བར། འགྲུལ་སྐྱེལ་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་1108དང་ཁྲི་1099.6ཟིན་པ་དེ་དུས་མཚུངས་ལས་14.1%དང་12.6%སོ་སོར་འཕར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།