ཉིང་ཞ་ཡིས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རིམ་གསུམ་མཉམ་འགུལ་གྱི་ཞབས་འདེགས་ཞུས་པ།
ད་ལོ་ཚུན་དུ་ཉིང་ཞ་ཡིས“སྲིད་ཇུས་ཀྱི་སྐུལ་སྤེལ་དང་། ལས་གནས་མཉམ་འགུལ། ཞབས་ཞུར་བརྟེན་ནས་སྐུལ་འདེད”བཅས་ཀྱི་རིམ་གསུམ་མཉམ་འགུལ་རྣམ་པ་གསར་གཏོད་བྱས་ནས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་ལས་ཞུགས་གང་ལེགས་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཟླ་5པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་གྲངས་ཁྲི་3.57གསར་དུ་ལས་ཞུགས་ཐུབ་པ་དང་གྲོང་གསེབ་ཀྱི་ངལ་ནུས་མི་ཁྲི་76.6གནས་སྒྱུར་ལས་ཞུགས་ཐུབ་ཡོད།
གསར་འགོད་པར་རང་སྐྱོང་ལྗོངས་ལས་ཞུགས་དང་ལས་གཏོད་ཞབས་ཞུ་ཅུས་ནས་ཤེས་རྟོགས་བྱུང་བར། ཕྱོགས་གཅིག་ནས་ཉིང་ཞ་ཡིས་རིམ་སྤོར་རྣམ་པའི་ནང་ཁུལ་གྱི་ལས་ཞུགས་བརྟན་པོ་དང་ཕྱི་ཕྱོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་པ་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་རོགས་སྐྱོར་སོགས་སྡེབ་སྒྲིག་སྲིད་ཇུས་བཏོན་ཏེ་ལྗོངས་ཡོངས་ཀྱི་ལས་ཞུགས་དུས་བབ་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་དུས་མཚམས་རང་བཞིན་གྱི་གྲོན་དངུལ་དམའ་རུ་གཏོང་ཚད་དང་། ལས་ཤོར་འགན་བཅོལ་གྱི་ལས་བརྟན་དངུལ་སློག རྩལ་ནུས་མཐོར་གཏོང་གི་ཁ་གསབ་སོགས་སྲིད་ཇུས་རྒྱུན་མཐུད་ལག་ལེན་བསྟར་ནས་ཁེ་ལས་ཀྱི་གཉེར་སྐྱོང་བརྟན་པོ་ཡོང་བར་རྒྱུན་མཐུད་ཁྲིད་སྟོན་བྱས་ཡོད། ཟླ་4པའི་ཟླ་མཇུག་བར། ཁྱོན་ཁེ་ལས་5000ལྷག་ཙམ་ལ་ལས་བརྟན་དངུལ་སློག་གི་མ་དངུལ་སྒོར་ཁྲི་4000སྤྲད་པར་ལས་བཟོ་ཁྲི་10.85ལ་ཕན་པ་ཐོབ་པ་དང་། མི་གྲངས་6300ལྷག་ཙམ་ལ་རྩལ་ནུས་མཐོར་གཏོང་གི་ཁ་གསབ་སྒོར་ཁྲི་1000སྤྲད་ཡོད།
ལས་ཞུགས་ཐོན་ཁུངས་དང་ཐབས་ལམ་རྒྱ་སྐྱེད་དུ་གཏོང་བའི་ཐད། སྲིད་ཇུས་རང་བཞིན་གྱི་ལས་གནས་གཞི་ཁྱོན་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་། ད་ལོ་སྤྱི་ཕན་རང་བཞིན་གྱི་ལས་གནས་7000ཉོ་རྩིས་ཡོད་པ་མ་ཟད་སྲིད་གཞུང་གི་མ་འཇོག་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ལ་རྗེས་སྙེག་བྱས་ནས་འཚོ་རྟེན་ལས་སྤྲོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། མིག་སྔར་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ཁག་111ལག་ལེན་བསྟར་ནས་ཡོང་འབབ་དམའ་བའི་ཚོགས་སྤྱི་ས་ཆ་དེ་རང་དང་ཐག་ཉེ་སར་གླ་པར་བསྡུས་ཡོད། དེ་དང་ཆབས་ཅིག ལྗོངས་ནང་ཁུལ་གྱི་མི་སྤྱོད་ཚན་པ་དང་འབྲེལ་གཏུག་ཧུར་ཐག་བྱེད་པ་དང་། ཞབས་འདེགས་ཞུ་ཡུལ་སྣ་ཚོགས་ཀྱི་རྩལ་ནུས་ཁྱད་ཆོས་དང་འཚམ་པའི་ལས་གནས་འཚོལ་བསྡུ་བྱེད་པ། “ས་ཆ་དངོས་སུ་ལས་མི་བསྡུ་བ་དང་། དྲ་རྒྱ་ནས་ལས་མི་བསྡུ་བ། ཐད་གཏོང་ནས་ལས་མི་བསྡུ་བ”བཅས་ཟུང་དུ་འབྲེལ་བའི་ཕྱོགས་གསུམ་གཞི་གཅིག་གི་སྦྲེལ་མཐུད་ཐབས་ལམ་གཏོད་པ་བཅས་བྱས་ཏེ། ལས་བསྡུའི་འདུ་ཚོགས་ཐེངས་740ལྷག་ཙམ་འཚོགས་ནས་མི་དང་ལས་ཞུགས་ཕན་ཚུན་མཐུན་སྦྱོར་ལ་སྐུལ་འདེད་བཏང་ཡོད། ཉིང་ཞ་ཡིས་ད་དུང་ལྗོངས་ཕྱིར་གླ་པ་རྒྱུག་པའི་ཐབས་ལམ་སྔར་བས་རྒྱ་སྐྱེད་བཏང་ནས་ཞིང་ཆེན་མང་པོ་དང་ཞིང་ལྗོངས་བརྒལ་བའི་ལས་མི་མི་འདང་བའི་སྙོམ་སྒྲིག་ལམ་སྲོལ་དང་དྲ་ཐོག་གི་སྙོམ་སྒྲིག་ལས་སྟེགས་འཛུགས་རྒྱུ་རེད།