རྒྱལ་ཡོངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་ཟླ་9པར་ཀྲེང་ཀྲོའུ་རུ་གཉེར་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་ད་ལོའི་ཟླ་9པར་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་པ་དང་། ཁྱོན་འགྲན་བསྡུར་རྣམ་གྲངས་ཁག་106བཀོད་སྒྲིག་བྱས་ཡོད། མིང་ཐོ་འགོད་པའི་གནས་ཚུལ་ལ་བལྟས་ན། བདམས་ཐོན་པ་3500ལྷག་ཙམ་འགྲན་བསྡུར་ཆེ་མོར་ཞུགས་རྒྱུ་རེད།
སྐབས་འདིའི་འགྲན་བསྡུར་ཆེ་མོར་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་གདམ་གསེས་རྣམ་གྲངས་ཁག་66བཀོད་སྒྲིག་བྱས་ཤིང་། སྐབས་གོང་མ་གཉིས་དང་བསྡུར་ན། མི་མེད་གནམ་གྲུའི་མ་ལག་དང་། རིག་ལྡན་བདེ་འཇགས་འགོག་སྲུང་ལག་རྩལ། མཉེན་ཆས་ཚོད་ལྟ། གྲངས་འཛིན་སྤེལ་རེས་སྨྱན་སྦྱོར་ཇུས་འགོད། ཁ་སྦུག་སྨན་བཅོས་ལག་རྩལ། སིལ་ཚོང་སོགས་འགྲན་བསྡུར་རྣམ་གྲངས་ཁག་6མང་དུ་བཏང་ཡོད། རྒྱལ་ཡོངས་རྩལ་ནུས་འགྲན་བསྡུར་ཆེ་མོའི་ལེགས་འདེམས་རྣམ་གྲངས་ཁག་40ཡོད་ཅིང་། དེའི་ནང་རྒྱལ་དམངས་དཔལ་འབྱོར་ལས་རིགས་ཀྱི་རིགས་30ལྷག་ཙམ་ཚུད་ཡོད་པ་དང་། ལས་རྣམ་གསར་པ་དང་། ལས་རིགས་གསར་པ། ལག་རྩལ་གསར་པ་སོགས་ཀྱི་རྣམ་གྲངས་ཀྱི་བསྡུར་ཚད་མང་དུ་བཏང་ཡོད། རིག་ནུས་བཟོ་སྐྲུན་དང་། རྩེར་སོན་སྒྲིག་ཆས། གྲངས་འཛིན་ལག་རྩལ། ནུས་རྒྱུ་གསར་པ་སོགས་འགྲན་བསྡུར་རྣམ་གྲངས་ཀྱིས་བསྡུར་ཚད་བཟུང་ཚད་50%ལྷག་ཙམ་ཟིན་ཡོད་པ་རེད།