སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་འཛུགས་ཆེད་སྨྱན་སྦྱོར་གྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ།
འདི་ནི་ཤིས་ཨན་ཨའེ་ཅུས་ཚོགས་པ་ཧ་ས་སི་ཐན་གླིང་ཁུལ་དུ་མཉམ་འབྲེལ་བཅར་འདྲི་ཚོགས་པའི་ཁོངས་མིས་གླིང་ཁུལ་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་ལ་རྒྱུས་མངའ་ལོན་བཞིན་པ།
ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲིའི་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུ་ཟླ་6ཚེས་10ཉིན་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ན་རུ་འཚོགས་ཤིང་། ཀྲུང་གོ་དང་། ཧ་སག་སི་ཐན། ཁེར་གྷི་སི་ཐན། ཐ་ཇིག་སི་ཐན། ཏུར་མེན་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་རྒྱལ་ཁབ་དྲུག་ནས་ཡོང་བའི་སྨྱན་སྦྱོར་ལས་རིགས་དང་རིག་གཞུང་ལས་རིགས་སོགས་ཀྱི་འཐུས་མི་20ལྷག་ཙམ་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་གཏམ་རྒྱུད་མཉམ་དུ་ཡག་པོ་ཤོད་པ་དང་དམངས་སེམས་གཅིག་མཐུན་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ཐད་གླེང་མོལ་དང་སྤེལ་རེས་བྱས་པ་རེད།
ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧན་ཁྲུན་ལིན་གྱིས་བརྙན་ལམ་ཐོག་ཤིས་ཚིག་གསུང་སྐབས་མཉམ་འབྲེལ་སྨྱན་སྦྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གྲུབ་འབྲས་བཟང་པོ་དེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་གྱི་གཉིས་ཕན་མཉམ་ལས་ཀྱི་བསྡུས་རིས་ཤིག་ཡིན་ལ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་གྱི་བགྲོད་ལམ་ཐོག་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པའི་མཚོན་ཚུལ་ངོ་མ་ཞིག་ཀྱང་ཡིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་མི་ཆོས་རིག་གནས་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་སྨྱན་སྦྱོར་གྱིས་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཚང་མས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཛའ་གྲོགས་གཏམ་རྒྱུད་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཏམ་རྒྱུད་མུ་མཐུད་ཡག་པོ་བཤད་ནས་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་སྨྱན་སྦྱོར་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲུང་གོར་བཅའ་སྡོད་ཁེར་གྷི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཁཱ་ནཱ་དབྱི་མུའུ·པ་ཁེ་ཐེ་ཀུའུ་ལུའོ་ཝ་ཡིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལམ་སྲོལ་གྱིས་རྒྱལ་ཁབ་ཁག་གིས་ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་བྱེད་པར་རྒྱ་ཁྱབ་ཀྱི་ལས་སྟེགས་བསྐྲུན་ཡོད། མཉམ་འབྲེལ་བཅར་འདྲིའི་གསོན་ཉམས་དོད་པའི་གནས་ཚུལ་སྤེལ་གཏོང་བརྒྱུད་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་དམངས་ཚོགས་ཀྱིས་ཕྱོགས་གཉིས་པོའི་མཉམ་ལས་ཐད་སྔར་བས་ཕྱོགས་མང་དང་དོན་དངོས་དང་མཐུན་པའི་ངོས་འཛིན་བྱུང་ནས་མི་ཆོས་རིག་གནས་ཀྱི་འབྲེལ་འདྲིས་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་གསུངས་པ་རེད།
ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ནི་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་ཀྲུང་གོའི་མངའ་ཁོངས་ཕྱི་རོལ་དུ་རྒྱལ་ཁབ་མང་པོའི་སྨྱན་སྦྱོར་སྒྲིག་འཛུགས་བྱས་པའི་མཉམ་འབྲེལ་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ཐོག་མ་དེ་རེད། ཟླ་5ཚེས་31ཉིན་ནས་ཟླ་6ཚེས་9ཉིན་བར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་ནས་ཡོང་བའི་སྨྱན་སྦྱོར་གསར་འགོད་པས་ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་ནུས་རྒྱུ་དང་། འགྲིམ་འགྲུལ། ཞིང་ལས། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་རྣམ་གྲངས་ལ་བཅར་འདྲི་གཏིང་ཟབ་བྱས་ཏེ་སྨྱུ་གུ་དང་མཐོང་སྣང་ལ་བརྟེན་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གསོན་ཉམས་དོད་པའི་ལག་ལེན་བཀོད་པ་མ་ཟད། འགྲོ་སྐྱོད་དང་བཅར་འདྲི་བྱེད་རིང་ཕན་ཚུན་ཤེས་རྟོགས་ཟབ་ཏུ་ཕྱིན་པ་དང་མཛའ་གྲོགས་ཀྱི་ས་བོན་ཡང་བཏབ་ཡོད།
“ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲིའི་བྱེད་སྒོར་ང་ཚོས་བཟོ་གྲྭ་དང་ཞིང་ནང་དང་མུ་ཁར་བསྐྱོད་པ་མ་ཟད། ད་དུང་ཡུལ་དེའི་མང་ཚོགས་དང་སྤེལ་རེས་ཀྱང་ཟབ་མོ་བྱས་པ་ཡིན། དེ་ལས་ངས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་དངོས་སྒྲུབ་མཉམ་ལས་ཀྱིས་མི་རྣམས་ལ་བདེ་རྩ་ཇི་ལྟར་བསྐྲུན་མིན་དེ་བས་གཏིང་ཟབ་རྟོགས་བྱུང”ཞེས་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཆུས་སུང་གིས་བརྗོད་པ་དང་། ཁོང་གིས་སྨྱན་སྦྱོར་གསར་འགོད་པས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཕན་ཚུན་རྒྱུས་ལོན་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་དམངས་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་རྨང་རྡོ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་དགོས་ཞེས་བརྗོད་པ་རེད།
“མཉམ་འབྲེལ་བཅར་འདྲིའི་ཁྲོད་ཀྱི་སྤུས་ཚད་མཐོ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་རྣམ་གྲངས་རེ་རེས་ཚང་མར་བག་ཆགས་ཟབ་མོ་བཞག་ཡོད”ཅེས་ཨུ་ཟ་བྷེ་ཁི་སི་ཐན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་24པའི་གསར་འགོད་པ་ཨ་པུའུ་ཏུའུ་ཨོ་ཤིས་ཏེ·ཨ་ཆི་ལུའོ་ཧྥུའུ་ཡིས་བརྗོད་པ་དང་། ཁོང་གིས་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲིའི་བྱེད་སྒོ་སྒྲིག་འཛུགས་བྱས་པ་ལས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་ལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་ས་ཁུལ་གྱི་འཕེལ་རྒྱས་ལ་བྱུང་བའི་དགེ་མཚན་ལྡན་པའི་འགྱུར་ལྡོག་སྤེལ་གཏོང་གཏིང་ཟབ་བྱེད་པའི་གོ་སྐབས་བསྐྲུན་པ་མ་ཟད། ད་དུང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་སྨྱན་སྦྱོར་དབར་ཉམས་མྱོང་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བར་རྩ་ཆེའི་གོ་སྐབས་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད།
ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲིའི་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུ་ནི་མི་དམངས་ཉིན་རེའི་ཚགས་པར་དང་མི་དམངས་དྲ་བས་མཉམ་དུ་གཙོ་གཉེར་བྱས་པ་དང་། བྱེད་སྒོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲིའི་བརྙན་ལམ《བདེན་དཔང》ཞེས་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྨྱན་སྦྱོར་མཉམ་ལས་ཀྱི་བརྗོད་དོན་གཙོ་བོའི་གླུ་དབྱངས《སེ་འབྲུའི་མེ་ཏོག་བཞད་སའི་ཕྱོགས་སུ་བསྐྱོད》ཅེས་པ་ཁྱབ་བསྒྲགས་བྱས་པ་རེད།