ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དང་པོ་དབྱིན་ཇིའི་ལོན་ཏོན་དུ་འཚོགས་པ།
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་9ནས་10ཉིན་བར་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་དང་ཨ་རི་ཕྱོགས་ཀྱི་སྣེ་ཁྲིད་པ་དང་ཨ་རིའི་ནོར་སྲིད་པུའི་པུའུ་ཀྲང་པེ་སེན་ཐེ་དང་། དེ་བཞིན་ཚོང་དོན་པུའི་པུའུ་ཀྲང་ལུའུ་ཐེ་ཉི་ཁེ། ཚོང་དོན་འཐུས་མི་ཀེ་ལི་ཨེར་བཅས་ཀྱིས་དབྱིན་ཇིའི་ལོན་ཏུན་དུ་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། ཕྱོགས་གཉིས་པོས་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་གཏིང་ཟབ་བྱས་ཏེ། རང་སོ་སོས་དོ་ཁུར་བྱེད་བཞིན་པའི་དཔལ་འབྱོར་ཚོང་དོན་གྱི་གྲོས་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཤིང་། ཟླ་6ཚེས་5ཉིན་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཞལ་པར་བསྐྱོན་རེས་གནང་བ་ལས་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་རི་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་སྒྲོམ་གཞི་དང་གཞི་རྩའི་ཆ་ནས་གཅིག་མཐུན་བྱུང་བས། ཕྱོགས་གཉིས་པོས་ཕན་ཚུན་གྱི་དཔལ་འབྱོར་ཚོང་དོན་ལ་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་འཕེལ་རྒྱས་གསར་པ་བྱུང་ཡོད།
ཧོ་ལི་ཧྥུང་གིས་བརྗོད་དོན། ད་ཐེངས་ཀྱི་ཚོགས་འདུ་ནི་འདི་ལོའི་ཟླ་6ཚེས་5ཉིན་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གྱི་མཛུབ་ཁྲིད་འོག་སྤེལ་བའི་གྲོས་མོལ་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐད་འཛིན་པའི་རྣམ་འགྱུར་དང་ལངས་ཕྱོགས་ནི་ཁ་གསལ་བ་དང་སྔར་ནས་ད་བར་དེ་ལྟར་ཡིན། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པས་ཀྲུང་གོ་དང་ཨ་རིས་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་མཉམ་ལས་བྱས་ན་གཉིས་ཀར་ཕན་པ་ཐོབ་པ་དང་འཐབ་རྩོད་བྱས་ན་གཉིས་ཀར་གནོད་འཚེ་ཕོག་རྒྱུ་ལས་མེད། ཚོང་དོན་དམག་འཁྲུག་ལ་རྒྱལ་ཁ་ཐོབ་མཁན་མེད་པས་ཀྲུང་གོ་ཕྱོགས་དམག་འཁྲུག་རྒྱག་འདོད་མེད་པ་མ་གཏོགས་སྐྲག་པ་ཞིག་མིན། ཕྱོགས་གཉིས་པོས་འདྲ་མཉམ་གྱི་སྐད་ཆ་ཤོད་རེས་དང་གཉིས་ཕན་མཉམ་ལས་བརྒྱུད་དཔལ་འབྱོར་ཚོང་དོན་གྱི་མི་མཐུན་པའི་ཆ་ཐག་གཅོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དཔལ་འབྱོར་ཚོང་དོན་གྲོས་མོལ་ལ་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད་ལ་རང་ཉིད་ལ་རྩ་དོན་ཡང་ཡོད། (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)