ཀྲུང་སིའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་དང་འཁོར་འབྲེལ་འགྲེམས་ཚོགས་སྐབས་གསུམ་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་མ་ཏེ་རིར་འཚོགས་པ།
ཚེས་10ཉིན། ཀྲུང་གོ་དང་སི་ཕེན་གྱི་དཔལ་འབྱོར་ཚོང་དོན་གླེང་སྟེགས་དང་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་འགྲེམས་ཚོགས་སྐབས་གསུམ་པའི་སི་ཕེན་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་གྲོང་ཁྱེར་མ་ཏེ་རིར་འཚོགས་ཤིང་། ཀྲུང་གོ་དང་སི་ཕེན་གྱི་སྲིད་གཞུང་དང་ཚོང་དོན་ལས་རིགས་ཀྱི་འཐུས་མིས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་སོགས་ཀྱི་གྲོས་དོན་ལ་དཔྱད་བསྡུར་གཏིང་ཟབ་བྱས་པ་རེད།
ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཤིས་ཚིག་སྒྲོན་སྐབས། འདི་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དང་ཀྲུང་གོ་དང་སི་ཕེན་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། རྒྱལ་ཁབ་གཉིས་པོའི་མཐོ་རིམ་འགྲོ་འོང་དམ་ཟབ་བྱུང་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་སྤེལ་བརྟན་པོ་ཐེབས་ཡོད། ཀྲུང་གོ་ཚོང་དོན་སྐུལ་འདེད་ལྷན་ཚོགས་ཀྱིས་ད་ཐེངས་སི་ཕེན་ལ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱས་ནས། སི་ཕན་ཕྱོགས་ཀྱི་ཁ་གཏད་སྒྲིག་གཞི་དང་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་སྒྲུབ་ཟབ་ཏུ་གཏོང་བ། ཕྱོགས་མང་སྒྲིག་སྲོལ་འོག་གི་བཟོ་ཚོང་ལས་རིགས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། དེ་བས་བརྟན་ལ་གསོན་ཤུགས་ལྡན་པའི་ཀྲུང་གོ་དང་སི་ཕེན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པར་རམ་འདེགས་བྱེད་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།