བོད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་ལྟ་ཞིབ་གསར་པ།
སྲིད་ཇུས་བཟང་པོར་བརྟེན་ནས་ས་མཐོའི་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།
མི་རིང་བའི་གོང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་པ་དེས་དཔྱིད་ཀྱི་ཉི་འོད་བཞིན་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐྱེ་སྟོབས་ཆེན་པོ་སྦྱིན་ཡོད་ལ། སྤྱི་ཚོགས་ཡོངས་ལ་ཚོང་པར་བརྩི་འཇོག་དང་། ཚོང་ལས་ལ་མཐོང་ཆེན། ཚོང་པ་དང་ཉེ་བཅར། ཚོང་ལས་ལ་ཕན་པ་ཐོབ་པ་བཅས་ཀྱི་རྟགས་མཚན་བཟང་པོ་ཞིག་བརྒྱུད་སྤྲོད་ཀྱང་བྱས་ཡོད།
སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་དམངས་གཉེར་དཔལ་འབྱོར་གྱིས་བོད་ཀྱི་དཔལ་འབྱོར་བརྟན་པོ་འཕར་བ་དང་། གསར་གཏོད་ལ་སྐུལ་འདེད། ལས་ཞུགས་མང་དུ་གཏོང་བ་སོགས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
གྲངས་གཞི་ཞིག་ལས་དམངས་གཉེར་དཔལ་འབྱོར་གྱི་སྒུལ་ཤུགས་ཆེན་པོ་མཚོན་པ་སྟེ། མིག་སྔའི་བར་བོད་དུ་སྒེར་གཉེར་ཁེ་ལས་ཁྲི་14.32དང་། ཁེར་རྐྱང་བཟོ་ཚོང་ཚོང་དུད་ཁྲི་41.48 ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁྲི་1.16བཅས་ཡོད་པ་རེད། ད་ལོའི་དུས་ཚིགས་དང་པོར་དམངས་ཁྲོད་ཀྱི་མ་འཇོག་དུས་མཚུངས་ལས་46.4%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། དམངས་གཉེར་དཔལ་འབྱོར་གྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་84.06ཟིན་པ་དེས་ལྗོངས་ཡོངས་ཀྱི་ཁྲལ་བསྡུའི་སྤྱིའི་ཡོང་འབབ་ཀྱི་79.3%བཟུང་ནས་དུས་མཚུངས་ལས་15.9%འཕར་ཡོད།
སྲིད་ཇུས་བཟང་པོས་དམངས་གཉེར་ཁེ་ལས“རླབས་གཤག་མདུན་སྐྱོད”བྱེད་པར་གཡས་གཞོགས་གཡོན་འདེགས་བྱས་པ།
2023ལོའི་ཟླ་7པར《དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཁྱབ་བསྒྲགས་བྱས་པ་ནས་བཟུང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་བསྟུན་ནས། བོད་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་དྲང་གཞག་ཁ་གསལ་དང་ཁྲོམ་རའི་སྔོན་དཔག་སྔར་བས་བརྟན་ལྷིང་དང་བཟང་པོ་བྱུང་ཡོད། དེས་དམངས་གཉེར་ཁེ་ལས་ཀྱིས་ཉེན་ཁ་དང་འགྲན་སློང་འགོག་པ་དང་། འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་འགན་ལེན་བརྟན་པོ་བྱས་ནས་ཁེ་ལས་མཁས་ཅན་ཚོའི་གདེང་ཚོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
“སྲིད་ཇུས་བཟང་པོ་ནི་ཁེ་ལས་འཕེལ་རྒྱས་ཀྱི་གདེང་ཤུགས་ཆེ་ཤོས་ཡིན”ཞེས་བོད་ལྗོངས་གནམ་ས་ལྗང་མདོག་བཏུང་བྱ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ནོར་བུ་ཚེ་རིང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཀུང་སི་བཙུགས་ནས་ལོ་16སོང་རིང་། ཀུང་སི་དེས་གནས་གཏན་འཁེལ་གྱིས་ནས་ཏུན་ཁྲི་ལྷག་ཙམ་ཉོས་པར་ཞིང་པར་འབབ་འཕར་སྒོར་ཁྲི་800ལྷག་ཙམ་བྱུང་བ་དང་ཐོན་འབབ་ཏུན་ཁྲི་68ཟིན་ཡོད། ཁོང་གིས“གྲུབ་འབྲས་དེ་དག་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་འབྲེལ་ཡོད་སྡེ་ཚན་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད”ཅེས་བཤད།
2025ལོའི་ཟླ་1ཚེས་1ཉིན《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ་དང་། དེ་ཐོག་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ“ལམ་ལུགས་ཀྱིས་འགན་སྲུང”གི་དུས་རིམ་གསར་པར་སླེབས་པ་མཚོན་ཡོད། “ད་ཆ་ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་ཆོག ཚོང་གཉེར་ལག་ཁྱེར་མགྱོགས་ཤོས་སུ་ཉིན་གཅིག་ནང་གཉེར་ཐུབ་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་ཉིང་ཁྲིའི་མགྲོན་ཁང་ཞིག་གི་འགན་འཁུར་བ་སྐུ་ཞབས་ལི་ལགས་ཀྱིས་བསྔགས་བརྗོད་བྱེད་བཞིན་བཤད།
དམངས་གཉེར་ཁེ་ལས་ཀྱིས་ནུས་ཤུགས་བཏོན་པས་ས་མཐོར“གཡུར་ཟའི་གྲུབ་འབྲས”ཐོབ་པ།
གྲངས་གཞི་ལས་མངོན་པར། 2025ལོའི་དུས་ཚིགས་དང་པོར། ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་གཉེར་སྐྱོང་བྱེད་པོ་ཁྲི་55.5ལས་བརྒལ་ནས་དུས་མཚུངས་ལས་11.54%འཕར་བ་དང་། དམངས་གཉེར་ཁེ་ལས་ཀྱིས་ལྗོངས་ཡོངས་ཀྱི་ལས་ཞུགས་ལས་གནས་ལ་ལེགས་སྐྱེས་80%ཡན་ཕུལ་ཡོད།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས་ཏ་ཧྲན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་ནང་འདྲེན་གྱིས་གྲོང་ཚོ་གཉིས་སུ་ཚད་གཞི་མཐོ་བའི་ཀུ་ཤུ་འདེབས་འཛུགས་རྟེན་གཞི་བསྐྲུན་ཏེ་སྔོན་ཐོན་གྱི་ལག་རྩལ་ཁྱབ་གདལ་བཏང་ནས“སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཞིང་འབྲོག་པ”བཅས་ཟུང་དུ་འབྲེལ་བའི་ལག་ལེན་གཏིང་ཟབ་བསྟར་ཡོད།
ཀུང་སིའི་འགན་འཁུར་བས“ང་ཚོས་འབྲས་ཤིང་ལ་ལུད་རྒྱག་པ་དང་ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ལག་རྩལ་གསོ་སྦྱོང་བྱས་པས། ཞིང་འབྲོག་པའི་ཆེད་ལས་རྩལ་ནུས་ཇེ་མཐོར་ཕྱིན་ཏེ། ཁོང་ཚོར་ཡོང་འབབ་བརྟན་པོའི་ངང་འཕར་རོགས་ཐུབ་ཡོད”ཅེས་ངོ་སྤྲོད་བྱས།
ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ས་དང་པོར། དམངས་གཉེར་ཁེ་ལས་དེ་རིགས་ཀྱིས་ལག་རྩལ་གྱིས་མཐུན་རྐྱེན་སྦྱར་བ་དང་རྣམ་པ་གསར་གཏོད་བྱས་པ་བརྒྱུད། ས་མཐོའི་ཐོན་ལས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད། ཡུལ་སྐོར་ལས་རིགས་ཁྱབ་ཁོངས་སུ་བོད་ཀྱི་དམངས་གཉེར་ཡུལ་སྐོར་ལས་དོན་ཁང་ཁག་གཅིག་གིས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག་བཏོན་པར་ཡང་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།
གསར་གཏོད་སྐུལ་སྤེལ་ལ་བརྟེན་ནས་བོད་ཀྱི་ཐོན་རྫས“བོད་ཀྱི་སྤུས་རྟགས”སུ་འགྱུར་བར་བྱས་པ།
བོད་ལྗོངས་ཧྲེང་ཤིན་བཟོ་ཚོང་ཚད་ཡོད་ཀུང་སིའི་རྨེལ་གསེད་འཁོར་ཁང་དུ་སྐྱོད་སྐབས་འཕྲུལ་འཁོར་གྱི་ལྡིར་སྒྲ་བར་མེད་དུ་གྲགས་ཤིང་། འབྲོག་ཁུལ་ནས་ཉོས་པའི་འབྲི་གཡག་གི་ཁུ་ལུ་དག་འཕྲུལ་འཁོར་ནང་བླུགས་ནས་དབྱེ་གསེད་སོགས་ལས་རིམ་ཁག་བརྒྱུད་གཙང་ལ་འཇམ་པའི་ཁུ་ལུ་སྒམ་ནང་བླུགས་ཀྱི་ཡོད།
“རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་ནས་ཆེད་མངགས་ས་མཐོར་བཟོས་པའི་རྨེལ་གསེད་འཕྲུལ་འཁོར་དེར་རྒྱལ་ཁབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཁག་གསུམ་ཐོབ་ཡོད”ཅེས་ཕྱི་ཕྱོགས་ཚོང་དོན་གྱི་ཅིང་ལི་ཚེ་དབང་ནོར་བུས་སྤོབས་པ་ཆེན་པོས་དེ་ལྟར་ངོ་སྤྲོད་བྱས། གསར་གཏོད་ཀྱི་གྲུབ་འབྲས་དེ་ལས་བོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་ཚན་རྩལ་འགག་སྒྲོལ་གྱི་ཆོད་སེམས་མཚོན་ཡོད་ལ། ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་མིག་དཔེ་ཡང་བསྟན་ཡོད།
གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས《རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལས་འགན་གྱི་གསལ་ཐོ》བཏོན་ཞིང་། “སྐྱོན་བྲལ་གཉིས”(སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱེད་པ)ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས“རྫོང་རིམ་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ”དང“ཚོང་ཚོགས་ཀྱི་ནུས་ཅན་ཏང་རྩ་འཛུགས་འཛུགས་སྐྱོང”སོགས་སྒྱུར་བཅོས་བྱེད་ཐབས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་འཆར་གཞི་གསལ་པོར་བཀོད་ཡོད།
དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚན་རྩལ་ཐིང་དང་འཐབ་ཇུས་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་གསར་གཏོད་ཅན་དང་འཚར་ལོངས་ཅན་གྱི་དམངས་གཉེར་ཁེ་ལས་འབྲིང་ཆུང་སྔོག་འདོན་དང་སྐྱེད་སྲིང་བྱས་ཏེ། ཁེ་ལས་ལ་ཚན་རྩལ་རྣམ་གྲངས་ཀྱི་མ་དངུལ་རེ་ཞུ་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ནས་ཁེ་ལས་སྟོབས་ལྡན་ངང་འཚར་ལོངས་ཡོང་བར་རམ་འདེགས་བྱས་ཡོད།
སྲིད་ཇུས་བཟང་པོ་ལས་བོད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་ནས་བཀྲག་མདངས་རབ་ཏུ་འཚེར་ཏེ། དེ་བས་འོད་ཟེར་སྟོང་ལྡན་གྱི་འཕེལ་རྒྱས་ཀྱི་ལེའུ་རྩོམ་ཐུབ་ངེས་རེད།