བློ་མཐུན་རག་སྡིས་ཀྱི་སྐུ་ཚེ་ཧྲིལ་པོའི་ལོ་རྒྱུས།
2019ལོའི་ཟླ་9ཚེས་29ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་འཚོགས་པ་རེད། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང”གི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་བློ་མཐུན་རག་སྡིས་ལ་གཟེངས་རྟགས་གནང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཡེ་ཡིས་པར་བརྒྱབ།
འདི་ནི་1980ལོའི་ཟླ་2ཚེས་18ཉིན། བློ་མཐུན་རག་སྡིས་ལྷ་ས་གྲོང་ཁྱེར་གྱི་བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་མཉམ་དུ་བོད་ཀྱི་ལོ་གསར་དགའ་གཏོང་གནང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཱ་ཅིང་ཆིའུ་ཡིས་པར་བརྒྱབ།
2002ལོའི་ཟླ་3ཚེས་26ཉིན། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ལྗོངས་པར་རིས་འགྲེམས་སྟོན་པུ་རུ་སེར་གྱི་ཡོ་རོབ་གྲོས་ཚོགས་མཁར་ཆེན་དུ་འགོ་ཚུགས་པ་རེད། འདི་ནི་བློ་མཐུན་རག་སྡིས་ཀྱིས་ཡོ་རོབ་གྲོས་ཚོགས་ཀྱི་ཀྲུང་གོའི་འབྲེལ་བའི་འཐུས་མི་ཚོགས་པའི་ཚོགས་གཙོ་ཕུའུ་ལུའོ་དབྱི་ལ་འགྲེམས་སྟོན་གྱི་གནས་ཚུལ་ངོ་སྤྲོད་གནང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལུའེ་ཆོན་ཁྲེང་གིས་པར་བརྒྱབ།
འདི་ནི་2005ལོའི་ཟླ་5ཚེས་20ཉིན། བློ་མཐུན་རག་སྡིས་དང་ཕོ་སི་ཤིས་ཨོ་སློབ་ཆེན་གྱི་སློབ་སྤྱི་ལུའོ་པོ་སེན་གྱིས་ཨོ་སི་ཁྲུ་ལི་ཡར་བཙུགས་པའི་ཁུང་ཙི་སློབ་གླིང་དང་པོའི་སྒོ་བྱང་གི་ཡོལ་བ་ཕྱེ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་ཝེ་པིང་གིས་པར་བརྒྱབ།
ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། རང་རྒྱལ་གྱི་མི་རིགས་ལས་དོན་དང་སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་འཛུགས་སྐྱོང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། བོད་རིགས་མི་དམངས་ཀྱི་ཕུལ་དུ་བྱུང་བའི་བུ་ཕྲུག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བཅས་ཡིན་པའི་བློ་མཐུན་རག་སྡིས་སྙུང་གཞིས་རྐྱེན་པས་2025ལོའི་ཟླ་6ཚེས་6ཉིན་གྱི་ཆུ་ཚོད་2དང་སྐར་མ་15ལ་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་87ཡིན་པ་རེད།
བློ་མཐུན་རག་སྡིས། བོད་རིགས། 1938ལོའི་ཟླ་8པར་འཁྲུངས། བོད་ལྗོངས་འབྲི་རུ་བ། 1959ལོའི་ཟླ་7པར་ལས་ཀར་ཞུགས། 1961ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1959ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོ་རྒྱུ་ལྟེ་བར་བྱས་པའི་དམངས་གཙོའི་བཅོས་སྒྱུར་བོད་དུ་ཕྱོགས་ཡོངས་ནས་སྤེལ་བ་དང་། བློ་མཐུན་རག་སྡིས་ལ་ཞིང་བྲན་ནས་ཡར་ལངས་བཅིངས་འགྲོལ་ཐོབ། 1959ལོའི་ཟླ་7པར་ཁོང་ཀྲུང་དབྱང་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭར་རིག་གནས་ཤེས་བྱ་དང་སྤྱི་བདེའི་ལས་སྒོ་སློབ་སྦྱོང་ཞིབ་ཕྲ་གནང་བར་ཕེབས། 1962ལོའི་ཟླ་6པར་ཁོང་སློབ་མཐར་ཕྱིན་ནས་བོད་དུ་ཕེབས་ཏེ་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་སྤྱི་བདེ་ཁྲུའུ་ཡི་མྱུལ་ཞིབ་པ་གནང་། 1965ལོའི་ལོ་འགོར་ཁོང་གིས་རུ་སྣེ་ཁྲིད་དེ་ངོ་ལོག་ཟིང་འཁྲུག་སློང་མཁན་འདེད་བཅོམ་གནང་ནས། བོད་བྱང་ཐང་གི་མི་མེད་ལུང་སྟོང་གི་ཁ་ཆར་བུ་ཡུག་ཁྲོད་དུ་ཉིན་མཚན་བདུན་བསྟུད་མར་རྗེས་འདེད་བཏང་། བཀྲེས་ལྟོགས་དང་། གྲང་ངར། ངལ་དུབ་བཅས་ཀྱིས་མནར་ཏེ་ཕོ་བ་ནས་ཁྲག་མང་པོ་དོན་པ་དང་ལུས་ཤུགས་རྦད་དེ་ཟད་ཀྱང་ཁོང་གིས་སྔར་བཞིན་འཐབ་འཛིང་རྒྱུན་འཁྱོངས་གནང་ནས་ཇག་པའི་བྱེད་གཏེ་སྲོག་ཐོག་ཏུ་གཏོང་མི་ཐུབ་བར་སྡུག་རུས་གནང་། ཐེངས་དེའི་འདེད་བཅོམ་ལ་རྒྱལ་ཁ་ཐོབ་པ་དེས་ནག་ཆུ་ས་ཁུལ་ཙམ་མ་ཟད་ཐ་ན་བོད་ལྗོངས་ཡོངས་སུ་སྐད་གྲགས་ཆོད་ནས། ས་གནས་དེ་གའི་མི་སེར་ཚོས་ཁོང་ལ“ཇག་འཇོམས་དཔའ་བོ”ཞེས་འབོད་ཅིང་། བོད་དམག་ཁུལ་ཁང་གིས་ཆེད་མངགས་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་པ་དང་། སྤྱི་ཁྱབ་ཚན་མོའུ་པུས་ཀྱང་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་པ་མ་ཟད། སྤྱི་བདེ་པུའུ་ཡིས་ཁོང་ལ“དགྲ་བོར་འཐབ་རྩོད་ཕོད་པའི་གདོང་སྐྱོད་པ”ཞེས་པའི་མཚན་སྙན་སྤྲད་ནས་བསྔགས་བརྗོད་ཀྱང་བྱས། 1966ལོའི་ཟླ་8པ་ནས་བཟུང་ནག་ཆུ་ས་ཁུལ་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་དམག་དོན་དོ་དམ་ཨུ་ལྷན་དུ་ཕྱག་ལས་གནང་། 1968ལོའི་ཟླ་11པ་ནས་བཟུང་སྔ་རྗེས་སུ་ནག་ཆུ་ས་ཁུལ་གསར་བརྗེ་ཨུ་ལྷན་གྱི་མི་སྤྱི་འགན་སྲུང་ཚོགས་ཆུང་གི་ཀན་ཧྲི་དང་ཙུའུ་ཀྲང་གཞོན་པ་གནང་། 1969ལོའི་ཟླ་9པར་ཁོང་ནག་ཆུ་སོགས་ས་ཆའི་གསར་བརྗེར་ངོ་རྒོལ་གྱི་ཟིང་འཁྲུག་ཞོད་འཇགས་གཏོང་བའི་ནང་ཞུགས་པར་ཁོང་ལ་བྱས་རྗེས་རིམ་པ་དང་པོ་ཐོབ། 1972ལོའི་ཟླ་6པར་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས། ཁོང་གིས་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་ས་གནས་དེ་གའི་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་དང་། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད། མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་ཕྱག་ལས་འབོར་ཆེན་གནང་བ་དང་ནུས་པ་གལ་ཆེན་བཏོན་གནང་ཡོད།
1975ལོའི་ཟླ་8པ་ནས་བཟུང་། བློ་མཐུན་རག་སྡིས་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི(སྐབས་དེ་དུས་ཧྲུའུ་ཅི་དང་པོ་བཀོད་སྒྲིག་བྱས་ཡོད་པ)དང་། རང་སྐྱོང་ལྗོངས་ཞིང་པ་དབུལ་པོ་དང་ཞིང་འབྲིང་འོག་མའི་མཐུན་ཚོགས་ཀྱི་ཀྲུའུ་རེན། རང་སྐྱོང་ལྗོངས་གསར་བརྗེ་ཨུ་ལྷན་ཞིང་འབྲོག་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བཅས་གཅིག་ལྕོགས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི(སྐབས་དེ་དུས་ཧྲུའུ་ཅི་དང་པོ་བཀོད་སྒྲིག་བྱས་ཡོད་པ)དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་གོ་གནས་སྔ་རྗེས་སུ་བཞེས། དེའི་རིང་ཁོང་གིས་སྔ་རྗེས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་མང་པོའི་ལས་དོན་ལ་གཞོགས་འདེགས་གནང་སྟེ་ཐོག་མཐའ་བར་གསུམ་དུ་ཚན་ཁག་གི་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་གནང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁོང་གིས་དར་ཆ་གསལ་སྟོན་གྱིས་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་གནང་ནས། ཏཱ་ལས་གཙོས་པའི་ཁ་ཕྲལ་ཕྱོགས་གཏོགས་ལ་རྡུང་རྡེག་ནུས་ལྡན་བཏང་བ་རེད། ཁོང་གིས་བོད་འབྲེལ་གྱི་ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཧུར་ཐག་སྒྲུབ་གནང་ནས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་མདུང་རྩེ་ཁ་སྤྲོད་ཀྱིས་འཐབ་རྩོད་གནང་ཞིང་། ཁོང་གིས་ཏང་གི་མི་རིགས་སྲིད་ཇུས་དང་། ཆོས་ལུགས་སྲིད་ཇུས། འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་བཅས་དོན་འཁྱོལ་ནན་ཏན་གནང་སྟེ། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་གྱིས་མཐུན་རྐྱེན་མཐའ་དག་སྐོང་འཐེན་ཧུར་ཐག་གནང་། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་བྱེད་པར་དམིགས་ནས་ཁོང་གིས་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་རྩ་དོན་ལག་བསྟར་མཐའ་གཅིག་ཏུ་གནང་བ་དང་། རྒྱལ་གཅེས་སྟོབས་ཤུགས་ལ་མཐུན་སྒྲིལ་རྒྱ་ཁྱབ་གནང་བ། གཏོར་སྐྱོན་དང་འགོག་རྐྱེན་སྣ་ཚོགས་བསལ་གནང་ནས་བོད་ཀྱི་སྤྱི་ཚོགས་དུས་བབ་བརྟན་ལྷིང་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་བདེ་བླག་དང་གསེར་ཁྲིར་མངའ་གསོལ་བར་ཐུགས་ནུས་གལ་ཆེན་བཏོན་གནང་ཡོད། ཁོང་གིས་དུས་ཡུན་རིང་པོར་རྩ་འཛུགས་ཀྱི་མི་དོན་ལས་དོན་གྱི་ཐུགས་འགན་བཞེས་ཤིང་། ཏང་གི་ལས་བྱེད་པའི་ལམ་ཕྱོགས་མཐའ་འཁྱོངས་དང་། ལས་བྱེད་པའི་ཆབ་སྲིད་ལངས་ཕྱོགས་ཀྱི་འགག་སྒོ་ནན་པོ་སྲུང་བ། ཕུལ་བྱུང་མི་རིགས་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྤྱོད་ཤུགས་ཆེན་བྱེད་པ། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་རྒྱག་པར་མཐོང་ཆེན་བཅས་གནང་སྟེ། རང་སྐྱོང་ལྗོངས་ཀྱི་ཏང་འཛུགས་སྐྱོང་དང་། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བཅས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་སྐུལ་འདེད་བཏང་གནང་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས། ཁོང་གིས་ཀྲུང་དབྱང་ལ་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ“ཁ་གཏད་བོད་སྐྱོར”དང་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་དང་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ལྷན་འཛུགས་རྒྱུའི་གྲོས་འགོ་བཏོན་གནང་ཡོད། ཁོང་གིས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་པར་སྐུལ་འདེད་བཏང་སྟེ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་གནང་ཡོད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་ཆེད། ཁོང་གིས“མཐུན་སྒྲིལ་ཁྱད་པར་ཐུབ་པ”དེ་ཁ་སྣོན་རྒྱག་རྒྱུའི་གྲོས་འགོ་བཏོན་གནང་བར་ཀྲུང་དབྱང་གི་ཁས་ལེན་ཐོབ་ཡོད། ཁོང་གིས་ནང་སའི་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)འཛུགས་རྒྱུ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མ་ཟད། བོད་ཀྱི་གཞུང་ལམ་འཛུགས་སྐྲུན་དང་། བོད་བྱང་ཐང་གི་འབྲོག་ལས་འཕེལ་རྒྱས། “མཐའ་མཚམས་ཀྱི་ཇའི”སྤུས་ཚད་མཐོར་གཏོང་སོགས་ལ་དགོངས་འཆར་དང་གྲོས་འགོ་གལ་ཆེན་ཡང་མང་པོ་བཏོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དུ་ཕྱག་ལས་ལོ་30ཙམ་གནང་རིང་ཁོང་གིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ཟབ་གཏོང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་ཐུགས་ནུས་མང་པོ་བཏོན་གནང་བ་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
2003ལོའི་ཟླ་3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བློ་མཐུན་རག་སྡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བསྐོ་གཞག་གནང་བ་དང་། ཟླ་བ་དེ་རང་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མིར་བསྐོ་གཞག་གནང་བས། ཡར་ལངས་ཞིང་བྲན་ནས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་གྱུར་ཡོད། ཁོང་གིས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ་ཁྲིམས་ལྟར་རང་འགན་གཙང་སྒྲུབ་གནང་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཡིན་པའི་བློ་མཐུན་རག་སྡིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ནན་ཏན་ངང་གྲོས་ཞིབ་ལ་ཞུགས་ཏེ། ཚོགས་འདུ་བདེ་བླག་འཚོག་ཐུབ་པར་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕྱག་ལས་འབོར་ཆེན་བསྒྲུབས་གནང་ཡོད། ཁོང་གིས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཆབ་སྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས། ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བཅས་ངེས་པར་དུ་བྱེད་དགོས་པའི་ནན་བཤད་གནང་ཡོད། ཁོང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་ལས་དོན་ལ་ཧུར་ཐག་ཞུགས་པ་དང་། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། གཞུང་ཞབས་པའི་བཅའ་ཁྲིམས། དངོས་པོའི་བདག་དབང་གི་བཅའ་ཁྲིམས། སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། ཀྲུང་གོ་མི་དམངས་དངུལ་ཁང་གི་བཅའ་ཁྲིམས། མི་སྒེར་གྱི་ཐོབ་ཁྲལ་གྱི་བཅའ་ཁྲིམས། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་བཅའ་ཁྲིམས། ནུས་རྒྱུ་གྲོན་ཆུང་གི་བཅའ་ཁྲིམས། བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་བཅའ་ཁྲིམས། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་སོགས་གཏན་འབེབས་དང་བཟོ་བཅོས་ལ་ཞུགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གཞི་རྩའི་ཆ་ནས་ཆགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁོང་གིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས་བཟོ་བའི་ནང་ཞུགས་ནས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ལ་སྐུལ་འདེད་བཏང་གནང་ཡོད། ཁོང་གིས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་20འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་དང་། བྱེ་འགོག་བྱེ་བཅོས་ཀྱི་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་5འཁོར་བའི་བཞུགས་མོལ་ཚོགས་འདུ། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་སྤེལ་ནས་ལོ་15འཁོར་བའི་བཞུགས་མོལ་ཚོགས་འདུ་དང་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་སོགས་ལ་ཞུགས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་བཏང་གནང་ཡོད།
བློ་མཐུན་རག་སྡིས་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་ལས་དོན་ལ་ཧུར་ཐག་ཞུགས་ཤིང་། སྔ་རྗེས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་ནས་རྒྱལ་ཁབ་མང་པོར་མཛའ་མཐུན་འཚམས་འདྲི་གནང་བ་དང་། སྐབས་གསུམ་པའི་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་གླེང་སྟེགས་ཀྱི་དབྱི་ཀྲང་ཚོགས་འདུའི་གླེང་མོལ་ཚོགས་འདུར་ཞུགས་པ། ཕྱི་རྒྱལ་གྲོས་ཚོགས་ཀྱི་འཐུས་མི་ཚོགས་པ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་དང་མཇལ་འཛོམས་ཐེངས་མང་གནང་ཡོད། ཕྱི་ཕྱོགས་དང་འགྲོ་འོང་གནང་རིང་ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་གནང་བ་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཛད་ཕྱོགས་སྲིད་ཇུས་དང་དུས་བབ་བཟང་པོ་དྲིལ་བསྒྲགས་ནུས་ལྡན་གནང་བ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་དྲིལ་བསྒྲགས་གནང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་རྒྱུས་ལོན་དང་། ཡིད་ཆེས། རྒྱབ་སྐྱོར་བཅས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་གནང་ཡོད། ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་གནང་སྟེ། བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དར་ཆ་གསལ་སྟོན་གྱིས་གསལ་བཤད་གནང་བ་དང་། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ངོ་སྤྲོད་གནང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་རྒྱུས་མངའ་ལོན་ཚད་ཟབ་ཏུ་བཏང་གནང་ཡོད།
2008ལོའི་ཟླ་3པ་ནས་བཟུང་བློ་མཐུན་རག་སྡིས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པའི་གོ་གནས་བཞེས་མེད། འགོ་ཁྲིད་ཀྱི་ལས་གནས་ནས་བབས་ཀྱང་ཁོང་གིས་སྔར་བཞིན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་། མི་དམངས་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་དོ་ཁུར་བཅས་གནང་ཡོད། 2019ལོའི་ཟླ་9པར་ཁོང་ལ“མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང”གི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལ་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་སྟེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་རྒྱབ་སྐྱོར་བརྟན་པོ་གནང་ཡོད།
བློ་མཐུན་རག་སྡིས་ནི་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གཅིག་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་གཉིས་པ་དང་། སྐབས་བཅུ་གསུམ་པ། སྐབས་བཅུ་བཞི་པ། སྐབས་བཅོ་ལྔ་པ། སྐབས་བཅུ་དྲུག་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་ཡིན།
བློ་མཐུན་རག་སྡིས་ཀྱིས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྦྱོང་ནན་ཏན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གནང་སྟེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་གནང་ཡོད། ཁོང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བརྟན་པོ་གནང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་གནང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། ཏང་དང་དཀའ་སྡུག་མཉམ་མྱོང་། ཏང་ཆེད་རང་འགན་གཙང་སྒྲུབ་བཅས་གནང་ཡོད། ཁོང་གིས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ། བོད་ལ་བརྩེ་བ་ཟབ་མོ་བཅངས་པ་དང་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་ཐུགས་ནུས་འབོར་ཆེན་བཏོན་གནང་ཡོད། ཁོང་གིས་རྩ་དོན་མཐའ་འཁྱོངས་དང་། དྲང་གཞག་ཚུལ་མཐུན། ཐུགས་བློ་ཡངས་པོ། སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པ། རང་གཅུན་ནན་པོ། སྤྱོད་གཙང་གཞུང་དྲང་བཅས་གནང་ནས། ནང་མི་དང་འཁྲིས་ཀྱི་ལས་དོན་མི་སྣར་རེ་བ་ནན་པོ་བཏོན་ཏེ། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་དང་བླ་ན་མེད་པའི་སྤྱོད་གཙང་རྒྱུན་འཁྱོངས་གནང་ཡོད།
བློ་མཐུན་རག་སྡིས་ཀྱི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་པོ་དང་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ་ཡིན་ལ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ་ཡང་རེད། ཁོང་སྐུ་གཤེགས་པ་དེ་ཏང་དང་རྒྱལ་ཁབ་ཀྱི་གྱོང་གུན་ཚབས་ཆེན་ཞིག་རེད། ང་ཚོས་སྡུག་བསྔལ་སྟོབས་ཤུགས་སུ་བསྒྱུར་ནས་ཁོང་གི་གསར་བརྗེའི་སྙིང་སྟོབས་དང་། བླ་ན་མེད་པའི་ཀུན་སྤྱོད། སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་ཞུས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། གདེང་ཚོད་བརྟན་པོ་དང་། བློ་གཅིག་སེམས་གཅིག སེམས་ཤུགས་ཆེར་སྐྱེད། འབད་འབུངས་མདུན་སྐྱོད་བཅས་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
བློ་མཐུན་རག་སྡིས་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་འབྱོར་བའི་གློག་འཕྲིན)