དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུན་ནན་གྱིས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲུའུ་སི་ཞུང་། དབྱང་ཝུན་མིང་།   |     སྤེལ་དུས།  2025-06-13

    ད་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས“ཡུན་ནན་ལ་ས་བབ་ཀྱི་ཆ་རྐྱེན་དམིགས་བསལ་ཡོད་པས། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཧུར་ཐག་བཏང་ནས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་སྐྲུན་དགོས”ཞེས་ནན་བཤད་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཡུན་ནན་གྱིས་ཁྱབ་འགྱེད་ལྟེ་གནས་འཛུགས་སྐྲུན་ལ་བརྟེན་ནས་ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་ལ་སྤྱི་འདོམས་བྱས་པ་མ་ཟད། མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་དབར་གྱི་སྲིད་ཇུས་འབྲེལ་གཏུག་དང་། སྒྲིག་བཀོད་འབྲེལ་མཐུད། ཚོང་དོན་ཤར་བགྲོད། མ་དངུལ་རྒྱུན་འཁོར། དམངས་སེམས་འབྲེལ་འདྲིས་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཁུལ་ཁོངས་དཔལ་འབྱོར་གྱི་ཤུགས་རྐྱེན་ནུས་པ་དང་། ཁྱབ་འགྱེད་ནུས་པ། སྣེ་ཁྲིད་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    ཕན་ཚུན་འབྲེལ་མཐུད་བྱས་ནས་དཀའ་གནད་བསལ་བ།

    ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་བགྲོད་ལམ་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད་གཞན་དང་ཕན་ཚུན་འབྲེལ་མཐུད་མགྱོགས་སུ་བཏང་ནས་ལོ་སི་དང་། ཐེ་ལན། ཧ་སག་སི་ཐན་སོགས་རྒྱལ་ཁབ་དང་ས་ཁུལ་19ལ་ཁྱབ་འགྱེད་བྱེད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་བསྐྲུན་ཡོད།

    ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གཙོ་བོར་བྱེད་པའི་ཁུན་མོ་མྱུར་བགྲོད་གཞུང་ལམ་དང་། རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུ་ལམ། ཁུན་མིན་ཁྲང་ཧྲུའེ་རྒྱལ་སྤྱིའི་གནམ་ཐང་སོགས་ལས“ཆུ་ལམ་དང་། སྐམ་ལམ། མཁའ་ལམ། ལྕགས་ལམ”བཅས་ཀྱི་ཕྱོགས་མང་ཕྱོགས་བསྡུས་དང་ནང་འབྲེལ་ཕྱི་འབྲེལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་འགྲིམ་འགྲུལ་དྲ་བ་གྲུབ་ཡོད། “ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར”མཉམ་འབྲེལ་སྐྱེལ་འདྲེན་བྱས་པར་བརྟེན། ལོ་སིའི་ཁ་ཧྥེའི་སྲན་མ་སོགས་ཚོང་ཟོག་ཡོ་རོབ་ཏུ་སྐྱེལ་འདྲེན་བྱེད་པའི་ཟོག་འགྲེམས་མ་གནས་40%དམའ་རུ་ཕྱིན་ཡོད།

    ས་གནས་ཁག་གི་ཁེ་ལས་ཀྱི་དགོས་མཁོར་དམིགས་ནས“རྫ་ཆུ་དང་མེ་ཀུང་གཙང་པོའི་མྱུར་སྐྱེལ་ལྕགས་ལམ”ནས་སྐྱོད་མཁན་གྲང་ཕྲེང་ཆེད་གཏོང་མེ་འཁོར་གྱིས“པེ་ཅིང་དང་ཡུན་ནན·རྫ་ཆུ་དང་མེ་ཀུང་ལྕགས་ལམ”དང་། “ཧྲང་ཧའེ་དང་ཡུན་ནན·རྫ་ཆུ་དང་མེ་ཀུང་ལྕགས་ལམ” “རྫ་ཆུ་དང་མེ་ཀུང་གཙང་པོ། ཁྲེང་ཏུའུ་དང་ཁྲུང་ཆིང་ཡོ་རོབ་བཅས་ཀྱི་མྱུར་སྐྱེལ་ལྕགས་ལམ”སོགས་གཏན་འཁེལ་ཅན་གྱི་དུས་གཏན་མེ་འཁོར་མུ་མཐུད་བཏང་ཡོད། ཁེ་ལས་ཀྱིས་སྔོན་ལ་སྙན་ཞུ་ཕུལ་རྗེས་འགག་སྒོ་ནས་མགྱོགས་པོ་དབོར་བར་བརྟེན་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་ཐོན་རྫས་སོས་པ་རིན་གོང་དམའ་ལ་ནུས་ཆེའི་སྒོ་ནས་ཀྲུང་གོའི་ས་གནས་ཁག་ཏུ་སྐྱེལ་ཐུབ་ཡོད།

    “མཁྲེགས་ཆས་འབྲེལ་མཐུད”དང“མཉེན་ཆས་འབྲེལ་མཐུད”ལ་ཕན་ཚུན་སྐུལ་འདེད་བཏང་བ།

    འབྲེལ་མཐུད་ཀྱི་ཚགས་དམ་དུ་སོང་ཞིང་། ཤར་གཏོང་ཐུབ་པའི་ཐོག་མའི་དུས་སུ། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་ཉིན་ལྟར་རྒྱལ་སྒྲོལ་ཟོག་འདྲེན་མེ་འཁོར་2ལས་གཏོང་ཐུབ་ཀྱི་མེད། ད་ཆ་མང་བའི་སྐབས་སུ་ཉིན་རེར་རྒྱལ་སྒྲོལ་ཟོག་འདྲེན་མེ་འཁོར་18གཏོང་ཐུབ་ཀྱི་ཡོད།

    ཡུན་ནན་གྱིས་ཁུན་མིང་གི་མོ་ཧན་དོ་དམ་གསར་གཏོད་ལག་བསྟར་བྱས་ནས་ཐོན་ཁུངས་གཅིག་སྡུད་དང་སྲིད་ཇུས་བྱེད་ཐབས་ལག་བསྟར་དང“སྣེ་གཉིས”ཀྱིས“བར་རྒྱུད”ལ་སྣེ་ཁྲིད་བྱས་ཏེ་ལམ་རྒྱུད་ཀྱི་ཀྲོའུ་དང་གྲོང་ཁྱེར་གྱི་མཉམ་ཤུགས་གཅིག་སྡུད་བྱས་པ་དང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་བཏོན་ནས་ལྕགས་ལམ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཟོག་འགྲེམས་ལྟེ་གནས་བསྐྲུན་པ། ལམ་རྒྱུད་ཀྱི་ཐོན་ལས་གསར་སྤེལ། གཉེར་སྐྱོང་བྱེད་པོ་གསོ་སྐྱོང་བཅས་ཀྱི“བྱ་སྤྱོད་ཆེན་པོ་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། 《ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ལམ་རྒྱུད་ཀྱི་ཐོན་ལས་བཀོད་པ་ཁྲིད་སྟོན》བཀྲམ་ནས་འབྲེལ་ཡོད་ཀྲོའུ་དང་གྲོང་ཁྱེར་གྱིས་ལྕགས་ལམ་དང་འཚམ་པའི་ཐོན་ལས་བཀོད་སྒྲིག་ལུགས་མཐུན་བྱེད་པར་ཁྲིད་སྟོན་བྱས་ཏེ། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་རྒྱུད་དུ་ཐབས་སྒྱུར་མཐུན་སྦྱོར་དང་ལེགས་ཆ་ཕན་ཚུན་གསབ་རེས་བྱེད་པའི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་ཆགས་པར་སྐུལ་འདེད་བཏང་ཡོད།

    ལྕགས་ལམ་ལ་བརྟེན་ནས་ཐོན་ལས་ཆེན་པོ་དར་རྒྱས་བཏང་བ།

    ཕྱིར་སྐྱོད་པ་དང་ནང་དུ་འདྲེན་པའི་ཐད་ཡུན་ནན་གྱིས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ཁྱབ་འགྱེད་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་ལམ་རྒྱུད་ཕྱོགས་བསྡུས་གསར་སྤེལ་ལ་སྐུལ་འདེད་བཏང་སྟེ་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྣེ་ཁྲིད་བྱས་ཡོད།

    ལྕགས་ལམ་དཔལ་འབྱོར་འགག་སྒོའི་དཔལ་འབྱོར་ལ་ཕྱོགས་སྒྱུར་བྱས་ཤིང་། 2022ལོར་ཁུན་མིང་གིས་དོ་དམ་བྱས་ཚུན། མོ་ཧན་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་110ཟིན་ནས་ལོ་རེའི་ཆ་སྙོམས་འཕར་ཚད་118.2%ཟིན་ཡོད།

    རྒྱལ་སྒྲོལ་ཡུལ་སྐོར་ལ་སྣེ་ཁྲིད་བྱས་ཤིང་། ད་ལོའི་དུས་ཚིགས་དང་པོར་ཤིས་ཧྲོང་པན་ནའི་ཏའེ་རིགས་རང་སྐྱོང་ཀྲོའུ་ཡིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་15.7ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་ཡོང་འབབ་ཨ་སྒོར་ཁྲི་9991ཟིན་ནས་470%དང་481%སོ་སོར་འཕར་ཡོད།

    ཡུན་ནན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ལེགས་ཆ་ས་བབ་དང་འགྲོ་ལམ་སྒོ་དབྱེར་ཐུག་ཡོད། ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་4པའི་ཟླ་མཇུག་བར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན། འགྲུལ་པ་མི་ཐེངས་ཁྲི་5194.9དང་དངོས་ཟོག་ཏུན་ཁྲི་5849.6སྐྱེལ་འདྲེན་བྱས་ཡོད། “ལྕགས་ལམ་གྱི་དར་གོས་ལམ་བུ”ནས་སྐྱེལ་འདྲེན་བྱེད་པའི་རྒྱལ་སྒྲོལ་ཟོག་འདྲེན་གྱི་སྣ་ཁ་ཡང་ཐོག་མའི་སྣ་ཁ་500ཙམ་ནས་ད་ཆའི་སྣ་ཁ་3000ལྷག་ཙམ་བར་མང་དུ་ཕྱིན་ཡོད།

    ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཉིང་གིས་ཡུན་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཕྱི་ནང་སྤྱི་འདོམས་དང་ཕྱོགས་གཉིས་སྒོ་དབྱེའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མ་ཟད། མཐའ་འཁོར་གྱི“མཁྲེགས་ཆས་འབྲེལ་མཐུད”དང་། “མཉེན་ཆས་འབྲེལ་མཐུད” “བསམ་པའི་འབྲེལ་མཐུད”བཅས་ལ་ཤུགས་སྣོན་རྒྱག་པ་དང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་བསྐྲུན་ཏེ་རྒྱལ་ཁབ་ཀྱི་མཐའ་འཁོར་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།