ཟླ་དང་པོ་ནས་ལྔ་པའི་བར་ཀྲུང་ཧྥེའི་ཚོང་དོན་གཞི་ཁྱོན་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
ཨ་ཧྥེ་རི་ཁར་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་20.2%འཕར་བ།
གསར་འགོད་པར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་ཧྥེའི་ཚོང་དོན་གཞི་ཁྱོན་ཐད་ཟིན་ཐོ་གསར་པ་ཡང་ཡང་བཏོད་ནས་རང་རྒྱལ་གྱི་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཨང་དང་པོའི་གནས་བབ་ལོ་16བསྟུད་མར་རྒྱུན་འཁྱོངས་ཐུབ་ཡོད། འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2024ལོར། ཀྲུང་ཧྥེའི་ཚོང་དོན་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་2ལས་ཐེངས་དང་པོ་བརྒལ་ཏེ་སྒོར་དུང་ཕྱུར་ཁྲི་2.1ཟིན་ཡོད། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱིས་ཨ་ཧྥེ་རི་ཁར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་9632.1ཟིན་པ་དེ་དུས་མཚུངས་ལས་12.4%འཕར་ནས། གཞི་ཁྱོན་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེའི་ནང་། ཨ་ཧྥེ་རི་ཁར་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་5995.7ཟིན་པ་དེ་དུས་མཚུངས་ལས་20.2%འཕར་བ་དང་། ཨ་ཧྥེ་རི་ཁ་ནས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3636.4ཟིན་པ་དེ་དུས་མཚུངས་ལས་1.6%འཕར་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2000ལོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་བཙུགས་ཚུན། ཀྲུང་ཧྥེའི་འབྲེལ་བར་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་ནས། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཆུ་ཚད་དེ་བས་མཐོ་བ་དང་། རིམ་པ་དེ་བས་ཟབ་པ། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་བཅས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་རྒྱ་སྐྱེད་ཕྱིན་ཡོད། ཀྲུང་གོ་འགག་སྒོ་ལས་ཁུངས་ཀྱིས་བཟོས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་དོན་སྟོན་གྲངས་2000ལོའི་རྩིས་གཞིའི་ལོ་དུས་ཀྱི་རིན་ཐང་གྲངས་གནས་100ནས་མགྱོགས་མྱུར་འཕར་ཏེ་2023ལོར་གྲངས་གནས་1000 ལས་བརྒལ་བ་དང་། 2024ལོར་གྲངས་གནས་1056.53ཟིན་ཞིང་། གྲངས་གནས་འདི་ཤུགས་ཆེན་འཕར་བ་ནི་ཀྲུང་ཧྥེའི་ཚོང་དོན་དབྱར་མཚོ་རྒྱས་པར་ལྟར་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།